བསྐུ་མཉེའི་ལག་དེབ་ཀྱི་གླེང་གཞི།
དུས་ཚོད། 2012-11-27 9:44:25 ཀློག་གྲངས་ཐེངས།1330
རྩོམ་ཁུངས། རྒྱལ་སྤྱིའི་གསོ་རིག་གླིང་དྲ་བ།
གླེང་གཞི།
སྨན་རྒྱལ་གཡུ་ཐོག་པ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ།།
བརྗོད་བྱ་རྒྱ་ཆེ་ལ། ནང་དོན་སུམ་ཚོགས་ཤིང་ལོ་རྒྱུས་ཀྱི་རང་བཞིན་དང་ལྡན་པའི་བསྐུ་མཉེའི་རིག་པ་འདི་ནི། ནད་ཅན་དང་ནད་མེད་གཉིས་ཀར་རྒྱུག་ཆེ་བའི་དཔྱད་བཅོས་ཤིག་ཡིན་ཏེ། ནད་ཅན་གྱི་ནད་གཞི་སེལ་བའམ་ཡང་དུ་གཏོང་བ་དང་། ནད་མེད་ཐ་མལ་པ་ལ་སྔོན་འགོག་དང་འབྱུང་ཁམས་སྙོམ་པ་སོགས་ཀྱི་དགེ་མཚན་མང་བོ་དང་ལྡན་པའི་འཕྲོད་སྟེན་ཤེས་བྱ་ཞིག་ཡིན་ལ། འདི་ནི་བོད་རང་གི་ཐུན་མིན་ཁྱད་ཆོས་དང་ལྡན་པའི་བྱུག་པའི་རིག་པ་ཞིག་ཡིན་པར་མ་ཟད། བོད་ཀྱི་སྨན་གཞུང་ཁྲོད་དུ་གོ་ས་ངེས་ཅན་བཟུང་བའི་དཔྱད་བཅོས་ཤིག་ཏུ་རང་བཞིན་གྱིས་གྲུབ་ཡོད།
བསྐུ་མཉེ་ནི་རབ་བྱུང་ན་བོད་སྨན་པ་དག་གིས་ལག་ལེན་ཞིབ་འཇུག་བྱ་རྒྱུ་དང་། དེ་མིན་བསྐུ་མཉེ་མཁན་རྣམས་ཀྱིས་དཔྱད་བཅོས་ཁང་ངམ་བསྐུ་མཉེ་ཁང་དུ་ལག་བསྟར་བྱེད་པ་དང་། ཐ་ན་ཁྱིམ་ཚང་ནང་དུ་ཁྱིམ་མི་ཕན་ཚུན་དང་རོགས་པ་ཕན་ཚུན་བར་ལ་བྱུག་པ་བྱ་བའི་རྒྱུན་སྤྱོད་འཕྲོད་སྟེན་ཤེས་བྱའམ་སྟབས་བདེའི་དཔྱད་བཅོས་ཤིག་ཏུ་ངོས་འཛིན་བྱས་ནའང་འགྲིག་སྟབས། དེང་སྐབས་ཀྱི་སྤྱི་ཚོགས་ལ་ཤིན་ཏུ་མཁོ་བའི་འཕྲོད་སྟེན་ཤེས་བྱ་ཞིག་ཏུ་གྲུབ་པ་གོར་མ་ཆག་ལ། རྒྱུ་མཚན་དེའི་ཕྱིར། དེབ་འདི་ནི་གསོ་རིག་ཤེས་ཡོན་མཐོ་དམན་གང་རུང་ཞིག་ལའང་འཕྲོད་པའམ་གང་རུང་ཞིག་གིས་ལག་བསྟར་བྱ་ཐུབ་པ་ཞིག་ཏུ་བྱས་ཡོད།
སྤྱིར་རང་རེའི་བོད་མི་རྣམས་ནི། མི་རིགས་གཞན་གྱི་རིག་གནས་གསར་རྙིང་ཅི་མཐོང་ཡང་ང་ཚོ་ལའང་དེའི་སྐོར་གྱི་ཤེས་བྱ་ཡོད་པ་དང་། དེའང་རྒྱུ་མཚན་ཆེ་རབ་ཅིག་ཡིན་པར་བཤད་རྒྱུར་དགའ་བོ་ཡོད། དོན་དངོས་ཐོག་བཤད་ན། ཡང་སྙིང་རིག་གནས་གང་རིགས་ཀྱི་སྐོར་ཡོད་པ་དེ་གསལ་བོར་སྟོན་རྒྱུ་དང་། སྟོན་རྒྱུ་དེ་ལ་རྒྱུ་མཚན་ཡང་དག་པའི་སྒོ་ནས་དར་སྤེལ་བྱ་རྒྱུ་ནི་གལ་ཆེ་བར་མཐོང་བ་ལས། འགྲིག་མིན་མཐུན་མིན་ཀུན་ལ་ལད་བཟློས་དང་བཙན་སྒྲིག་བྱེད་དགོས་པ་ཞིག་རྩ་ནས་མིན་ལ། ཁྱད་པར་ཁ་བཤད་ཙམ་གྱིས་རིག་གནས་འཕེལ་རྒྱས་ལ་ཕན་ཐོགས་ཅི་ཡང་མེད་པ་ནི་ཚང་མས་ཤེས་གསལ་རེད། དཔེར་ན། massageཞེས་ཐོས་པ་དང་བོད་སྨན་པ་ཚོས་འབུམ་བཞིའམ་རྒྱུད་བཞི་རུའང་དེའི་སྐོར་ཡོད་ཅེས་ལབ་ཚོད་རེད། འོན་ཀྱང་། དོན་དངོས་ཐོག ལག་ལེན་ཁ་འཐོར་ཁ་ཤས་ལས་བརྗོད་བྱ་ཚང་ཞིང་ལག་ལེན་གོ་རིམ་དང་ལྡན་པ་ཞིག་སུ་ལའང་སྟོན་རྒྱུ་མེད་པ་ལྟ་བུ་ཡིན།
བསྐུ་མཉེའི་སྐོར་ལ་ནང་དོན་ཆ་ཚང་ཞིང་བརྗོད་བྱ་ཁ་གསལ་བའི་འགྲེལ་བཤད་ལེགས་པོ་ཞིག་ད་བར་བྱུང་མེད་པར་བརྟེན། དེ་གསལ་བའི་ཆེད་དུ་བོད་སྨན་དང་བོད་ཀྱི་རིག་གནས་གཞན་དུའང་བྱུང་བའི་བྱུག་པའི་སྐོར་མང་བོ་ཞིག་ཕྱོགས་བསྡུའམ་བསྡུ་སྒྲིག་གི་རྨང་གཞིའི་སྟེང་དུ། མེད་དུ་མི་རུང་བའི་ནང་དོན་ཁ་ཤས་ཁ་སྐོང་བྱས་ཏེ་ཐེངས་འདིར་བསྐུ་མཉེའི་རྣམ་བཤད་ཅུང་རྒྱས་པར་སྟོན་པ་ལ། བོད་སྨན་གྱི་བྱུང་རབས་དང་ནང་དོན་རགས་ཙམ་ངོ་སྤྲོད་དང་སྦྲགས་བསྐུ་མཉེ་བྱུང་ཚུལ་དང་། ནད་ཅན་དང་ནད་མེད་ཀྱི་བསྐུ་མཉེ་ཇི་ལྟར་བྱ་ཐབས། ནད་གཞི་ངོས་འཛིན། གསང་དམིགས། རྩ་འཁོར་དང་བླའི་འགྲེལ་བཤད་བཅས་ལས། རྩ་འཁོ ར་དང་བླ་གནས་ལ་བྱུག་པ་བྱ་ཐབས་ཀྱི་སྐོར་ནི་གསོ་རིག་གཞུང་དུ་དངོས་སུ་བཤད་པ་མ་མཐོང་ཡང་སྔགས་རྒྱུད་ཀྱི་གཞུང་ཁ་ཅིག་ལས་ནང་དོན་གྱི་གནད་ཚང་བར་ཕྱོགས་བསྡུ་བྱས་པ་ཡིན།།
འདི་གར་དམིགས་བསལ་དུ་དབྱུག་བཅོས་དང་རྡོ་མཉེའི་ བཤད་པ་ནི་དཔེ་རྙིང་ཁག་གི་གཞུང་ལ་ཁུངས་བྱས་ཏེ་རང་ཉིད་ཀྱི་ལག་ལེན་ཞིབ་འཇུག་བརྒྱུད་གཏན་ལ་ཕབས་པ་ཡིན་ལ། དཔྱད་བཅོས་འདི་དག་ནི་བསྐུ་མཉེ་དང་ལྷན་དུ་སྦྱར་ན་ཤིན་ཏུ་ལེགས་པར་འདུག་སྙམ།
སྤྱིར་བོད་སྨན་སྲོལ་རྒྱུན་ལུགས་སུ་ཕྱི་རྒྱུད་དུ་བསྟན་པ་ལྟར། དཔྱད་བཅོས་གཏར་བསྲེག་དུགས་ལུམས་བྱུག་པ་ལྔ་གོ་རིམ་ལྟར་བསྟན་ན་ཡང་། འདིར་བསྐུ་མཉེ་ཁང་ཞིག་ཏུ་དམིགས་ནས། བྱུག་པ་གཙོ་བོ་དང་དཔྱད་གཞན་རྣམས་ལས་དུགས་བཅོས་ནི་བསྐུ་མཉེའི་ཆ་ལག་ལྟ་བུར་བཞག་པ་དང་། འདི་ནི་གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྤྱི་ཚོགས་དང་དུས་རབས་གསར་བའི་དགོས་པ་དང་བསྟུན་ནས་བྱས་པ་ཡིན། དེ་ལས་ཁྱད་པར་དཔྱད་མཆོག་གཏར་ཁ་ནི་ཕན་ཆེ་བའི་བཅོས་ཤིག་ཡིན་ན་ཡང་། ཕྱི་ནང་ཀུན་ཏུ་ཉེན་ཁ་ཆེ་བའི་ཁྲག་གི་འགོས་ནད་ཤུགས་ཆེར་དར་ཕྱིར་སྔོན་འགོག་གི་ཆ་རྐྱེན་ལེགས་པོ་ཞིག་མ་བྱུང་ན་ཡོན་ཏན་ལས་སྐྱོན་འབྱུང་བར་བསམ་ནས་འདིར་བཀོད་མེད། འོན་ཀྱང་། གཏར་གའི་རིག་པ་འདི་གལ་ཆེ་བར་མཐོང་ནས་གཏར་རྩ་རྣམས་ནི་སྨན་དང་ལྷན་དུ་བྱུག་མཉེ་བྱེད་སའི་གསང་དུ་བཞག་ཡོད་ལ། རིག་པ་འདི་ནི་གང་བྱུང་གསར་བཏོད་བྱས་པ་ཞིག་མིན་ཏེ་སྔ་རབས་མཁས་པ་ཀློང་ཆེན་རབ་འབྱམས་པ་དང་བོད་སྨན་མཁས་པ་དེའུ་དམར་བསྟན་འཛིན་ཕུན་ཚོགས་སོགས་བོད་སྨན་པ་ཁ་ཅིག་གིས་དེའི་ནང་དོན་སྐོར་བསྟན་འདུག་པར་ཁུངས་བཅོལ་བྱས་པ་ཡིན།
ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བསྐུ་མཉེའི་ཁང་ཞིག་ཏུ་བོད་ལུགས་ཀྱི་བསྐུ་མཉེ་ལག་ལེན་བྱེད་མཁན་ཞིག་ཡིན་ཚེ། དེ་ལ་སྤྱིར་བཏང་གི་བོད་སྨན་གྱི་གོ་བ་རགས་ཙམ་དགོས་པ་མ་ཟད། དཔྱད་བཅོས་ཁག་གི་གཞུང་ལུགས་དང་ལག་ལེན་ལ་ངེས་པར་བྱང་ཆ་དགོས་པ་དང་། ནང་སྒོས་ནད་བཅོས་ལ་མེད་ཐབས་མེད་པའི་སྔོ་སྨན་སྐོར་གྱི་ཤེས་བྱ་ཅུང་ཙམ་ཞིག་དགོས་སྟབས། འདི་གར་དེ་དག ་ཕྱོགས་ཡོངས་ནས་རྨང་གཞིའི་ཤེས་བྱ་ངོ་སྤྲོད་བྱས་ཡོད།
དེའི་ཕྱིར། འདི་ནི་བོད་སྨན་དང་འབྲེལ་བའི་བསྐུ་མཉེའི་རིག་པ་ཞིག་ཡིན་པ་ལས་ཆོས་ཀྱི་ལུགས་སུ་བྱུང་བའི་འཕྲུལ་འཁོར་དང་དེའི་སྐབས་ཀྱི་བྱུག་པ་ལྟ་བུ་ཁོ་ན་མིན་ན་ཡང་། རྩ་རླུང་དང་ བཅུད་ལེན་སོགས་ཀྱི་སྐབས་སུ་བསྟན་པའི་ནང་དོན་མེད་ཐབས་མེད་པ་ཁ་ཅིག་དགོས་མཁོར་བལྟས་ནས་འདི་རུ་སྦྱར་ཡོད་པ་ལ་དམིགས་བཀར་གྱི་འགལ་བ་ཅི་ཡང་མེད་སྙམ།
བོད་སྨན་པ་ཁ་ཅིག་གིས་བན་བོན་གྱི་ཆོས་ལུགས་ལས་བྱུང་བའི་ནང་དོན་གསོ་རིག་དང་སྦྱར་མི་ཆོག་པ་དང་། ཆོས་ལུགས་ལས་བྱུང་བའི་རྩ་འཁོར་དང་སྔགས་བཅོས་སོགས་ནི་སེམས་གཙོ་སྨྲ་བའི་རིང་ལུགས་ཀྱི་རྨོངས་ཞེན་ཙམ་དུ་བརྗོད་པ་ལ། རྒྱུ་མཚན་ཁ་ཐོར་རེ་གཉིས་ཡོད་སྲིད་ཀྱང་། དོན་དངོས་ཐོག བོད་ལུགས་གསོ་རིག་གི་རྒྱབ་ལྗོངས་དང་ནང་དོན་གང་ཅིའི་ཐད་ནས་བལྟས་ཀྱང་། བོད་སྨན་དང་བན་བོན་ཆོས་ཀྱི་བར་ལ་འབྲེལ་བ་དམ་པོ་ཡོད ་པ་དེ་བདེན་དཔང་གསལ་བོར་བྱས་ཡོད་པ་ནི་སུས་ཀྱང་བསྙོན་ཐབས་མེད། རྒྱུ་མཚན་དེ་ལ་བརྟེན་ནས། མདོ་སྔགས་ཀྱི་གཞུང་ལས་མ་གཏོགས་བོད་སྨན་གྱི་རྩ་བའི་ཤེས་བྱ་འབྱུང་ཁམས་དང་ཉེས་གསུམ། ནད་ཀྱི་རྒྱུ་རྐྱེན་རྟགས་བཅོས་སོགས་མཐར་ཕྱིན་པ་ཞིག་གཏན་ནས་སྦྱོང་མི་ཐུབ་པ་ནི་ཤིན་ཏུ་གསལ་བོ་རེད། དེས་ན་ང་ཚོས་བོད་ཀྱི་གསོ་རིག་འགྲེལ་སྐབས་དངོས་སེམས་གཉིས་ཀར་གཏོགས་པའི་སྒོ་ནས་སམ་དེ་གཉིས་ཟུང་འབྲེལ་གྱིས་ནང་འགལ་མེད་པར་རིག་པ་ཕྲ་རགས་གཉིས་སུ་ཕྱེས་ནས་བཤད་ན་འཚམས་པོ་འདུག་སྟེ། བོད་ཀྱི་ཆོས་ལུགས་ལས་བྱུང་བའི་ནང་དོན་ཁ་ཤས་ནི་བོད་སྨན་ནང་དུ་ངེས་པར་དུ་དང་ལེན་བྱ་དགོས་པའི་ཆ་ཤས་ཤིག་ཏུ་གྱུར་ཡོད་ལ། དེ་ལྟར་བྱས་ན་གཞི་ནས་བོད་སྨན་ཞེས་པ་ཕྱི་ནང་གཉིས་ཀ་ཆ་ཚང་བའི་སྨན་གྱི་རིག་པ་ཞིག་ཏུ་བརྗོད་ཆོག་པ་ཡིན།
སླད་ན། བོད་སྨན་འཕེལ་རྒྱས་དང་དར་སྤེལ་བྱ་ཚེ། མེ་བཙའ། དུགས། ལུམས་དང་གཏར་ཁ་སོགས་དཔྱད་རིགས་སོ་སོ་ལ་གཞུང་དུ་བསྟན་པའི་ལེའུ་རེ་རེ་བཤུ་འབྲི་དང་། རགས་བཤད་ཙམ་གྱིས་ཆོག་པར་མ་བྱས་པར། དཔྱད་བཅོས་སོ་སོར་དུས་རབས་གསར་བ་དང་མི་རབས་གསར་བའི་དགོས་པ་དང་བསྟུན་ནས་དམིགས་བསལ་གྱི་འགྲེལ་བཤད་གནད་དུ་འཁེལ་བ་ཞིག་ཕྱོགས་ཡོངས་ནས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས། དེ་ལྟར་མིན་ཚེ། བོད་སྨ ན་གྱི་གཞུང་དང་ལག་ལེན་ལ་ནམ་ཡང་མདུན་བསྐྱོད་དང་འཕེལ་རྒྱས་མེད་པ་དང་། ཉིན་ཞིག་དུས་རབས་དང་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་མི་ཐུབ་པའི་སྲོལ་རྒྱུན་སྨན་གཞུང་ཞིག་ཏུ་ཆགས་ངེས་རེད་ལ། དེ་ནི་རིག་གནས་འདི་བོར་བརླག་ཏུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་རེད། དེའི་ཕྱིར། བོད་སྨན་པ་ཚོས་རྙིང་བ་ཁོ་ནར་ཞེན་ཁོག་བྱས་ནས་ལུགས་རྙིང་དུས་དང་མི་མཐུན་པ་ཨུ་ཚུགས་ཀྱིས་འཛིན་པ་དང་། ཡང་ན་དེང་རབས་གསོ་རིག་དང་བསྟུན་ཅི་ཐུབ་གྱིས་གསར་བཤད་ཁོ་ན་མིན་པར། རང་ལུགས་ཀྱི་རྐང་ཚུགས་པའི་སྒོ་ནས་ཞིབ་འཇུག་གསར་བཏོད་དང་གསར་རྩོམ་ལ་ཧུར་བརྩོན་བྱས་ཏེ། གཞུང་དང་ལག་ལེན་ཟུང་འབྲེལ་གྱིས་བོད་སྨན་ལ་མདུན་ལམ་གསར་བ་བསྐྲུན་རྒྱུ་དྲན་པར་བྱའོ།།
དེང་དུས་རྒྱ་གར་ནག་དང་ཉི་ཧོང་སོགས་ཀྱི་སྲོལ་རྒྱུན་གསོ་རིག་ཁག་ལ་དཔྱད་བཅོས་མེ་བཙའ་དང་བྱུག་པ་སོགས་ཀྱི་སྐོར་ལ་དཔེ་དེབ་ཁ་གསལ་བ། གོ་བདེ་བ་དང་། ལག་ལེན་བྱ་སླ་བ་དང་། བར་བཅུག་རི་མོ་དང་ལྡན་པ་དེང་རབས་ཀྱི་ཁྱད་ཆོས་ཅན་སོགས་ནུབ་ཕྱོགས་རྒྱལ་ཁབ་རྣམས་སུ་དཔར་བསྐྲུན་བྱས་པ་ལ་མིག་དཔེ་བལྟ་རྒྱུ་ནི་ཅི་ནས་ཀྱང་གལ་ཆེན་པོ་འདུག་སྙམ།
དེ་ལྟར། བདག་གིས་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས། བོད་སྨན་འདི་ཐབས་དང་ལྡན་པའི་སྒོ་ནས་འཛམ་གླིང་ཀུན་ཏུ་དར་ཐུབ་ན་སྙམ་པའི་ཀུན་སློང་བཟང་བོ་ཙམ་ལ་བརྟེན་ནས། དཔྱད་གཞིའི་ཡིག་ཆ་འཚོལ་སྡུད་དང་། སློབ་ཁྲིད་ཉམས་མྱོང་ཕྱོགས་བསྡོམས། ཞིབ་འཇུག་བརྟག་དཔྱད་ནན་ཏན་དང་སྨན་པ་རྒན་རབས་མཁས་དབང་འཇམ་དབྱངས་ལྷུན་གྲུབ་དང་ངེས་དོན་གྱི་བོད་ལུགས་གསོ་རིག་མཁས་ཆེན་དགེ་རྒན་ཆེན་མོ་བ་གོ་འཇོ་དབང་འདུས་མཆོག་རྣམ་པར་ལག་ལེན་དང་གཞུང་ལུགས་ཟུང་འབྲེལ་དུ་བཀའ་འདྲི་དོགས་གཅོད་ནན་ཞུ་བྱས་པ་བཅས་འབད་བརྩོན་སྒོས་དཔེ་དེབ་འདི་སྒྲིག་ཁུལ་བྱས་པ་ནི། བོད་ལུགས་གསོ་རིག་གི་བསྐུ་མཉེའི་སྐོར་གྱི་རང་སྐྱ་ཐུབ་པའི་ལག་དེབ་སྔ་ཤོས་གྲས་སུ་འགྲོ་བ་ལ། ཁོ་བོའི་བོད་ཀྱི་ཤེས་རིག་དང་། ལྷག་པར་སྨན་གཞུང་གི་མཐོང་རྒྱ་དང་ཤེས་ཡོན་ལ་ཚད་བཀག་ངེས་ཅན་ཡོད་པས། ནོར་འཁྲུལ། བསྲེ་སླད་དང་ཆད་ལྷག་གི་སྐྱོན་ཅི་རིགས་འབྱུང་སྲིད་པས། བོད་སྨན་མཁས་པ་ཚོས་ཀུན་སློང་ངན་པ་སྤངས་ནས་སློབ་སྟོན་ལེགས་པོ་གནང་རྒྱུ་དང་། ཡང་ན། བསམ་འཆར་ལྷུག་འདོན་དང་བགྲོ་གླེང་གྲོས་བསྡུར་བྱེད་རྒྱུའི་གོ་སྐབས་གནང་རྒྱུར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
བཀྲ་ཤིས་བདེ་ལེགས།། ཕུན་སུམ་ཚོགས།།
 


རིགས་མཐུན་ནང་དོན།
  • དཔྱད་ལྔའི་ལོག་གནོན་ཐུར་མ།
  • ༄༅།།གཏར་ག་བསྟན་པ།
  • ༄༅།།དཔྱད་ལྔ་གཏར་ག
  • ༄༅།།ལུམས་བསྟན་པ།
  • ༄༅།།དཔྱད་ལྔ་དུགས།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019