ཟས་ཚོད་རན་པ་བསྟེན་ན་བདེ་ཐང་ལ་ཕན།
དུས་ཚོད། 2013-06-14 10:51:02 ཀློག་གྲངས་ཐེངས།1785

ནད་མེད་ཅིང་བདེ་བར་གནས་འདོད་པའི་མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཁ་ཟས་རན་པ་བསྟེན་ཞིང་། ཟས་རིགས་གྱི་ནུས་པ་ལྕི་ཡང་སོགས་ལ་གསལ་པོ་དཔགས་དགོས།

སྐམ་སར་གནས་པའི་རི་དྭགས་སོགས་ཀྱི་ཤ་བཙོས་པ་དང་། ས་དེར་སྐྱེས་པའི་ནས་སོགས་བརྔོས་པ་ལས་བྱུང་བའི་རྩམ་པ་སོགས་ཀྱི་ནུས་པ་ཡང་ཞིང་དྲོད་བའི་རིགས་ཡིན་པས་མང་ཙམ་ཟོས་ནའང་འཇུ་སླ་བ་ཡིན་ལ། གཞན་ཟས་རིགས་ཀྱི་ནུས་པ་ལྕི་ཞིང་བསིལ་བའི་རིགས་རྣམས་འཇུ་དཀའ་བས་ཉུང་ཙམ་བསྟེན་དགོས་ཏེ། རྒྱུ་མཚན་ནི་ཕོ་བའི་མེ་དྲོད་ བསྐྱེད་ཅིང་དེ་སྟོབས་དང་ལྡན་ཚེ་གཅོང་ནད་ཐམས་ཅད་ཀྱི་རྒྱུ་གཙོ་བོ་མ་ཞུ་པའི་ནད་སོགས་མི་འབྱུང་པ་དང་ལུས་ཀྱི་སྟོབས་ཀྱང་འཕེལ་བ་བྱེད་པས་ཡིན།

ཟས་ཚོད་མ་ཟིན་པའི་སྐྱོན།

ཁ་ཟས་ཀྱི་ཚོད་མ་ཟིན་པ་ཚད་ལས་ཆུང་བའམ་ཉུང་ཙམ་ལས་མ་བསྟེན་པ་སྟེ་ཆུང་བས་ན་ལུས་ཀྱི་སྟོབས་དང་གཟི་མདངས་སོགས་རྒྱས་མི་ཐུབ་ལ། རླུང་ལས་གྱུར་པའི་ནད་ཐམས་ཅད་སློང་སྲིད། དེ་ལྟར་ཁ་ཟས་ཀྱི་ཚོད་མ་ཟིན་པར་ཧ་ཅང་མང་དྲགས་པའམ་ཚད་ལས་བརྒལ་བར་གྱུར་ན། དེ་མ་ཞུ་བའི་སྟབས་ཀྱིས་ཕོ་བའི་བད་ཀན་བེ་སྣབས་བསྐྱེད་དེ། ཕོ་བའི་མེ་དྲོད་ཉམས་པ་དང་།  བད་ཀན་སྨུག་པོའི་ནད། གཅོང་ནད་སོགས་འབྱུང་བར་བྱེད་སྲིད།

ཟས་ཚོད་བཟུང་བའི་ཚད།

ཁ་ཟས་ཀྱི་ནུས་པ་ལྕི་ཡང་དང་ཕོ་བའི་མེ་དྲོད་ཀྱི་སྟོབས་ཆེ་ཆུང་། ལྟོ་བ་འགྲངས་ཚད་ལ་གཞིགས་ཏེ་ཟས་ཀྱི་ཚད་ཇི་དགོས་པ་ཕན་ཚུན་སྦྱར་ཏེ་བསྟེན་དགོས། ། སྤྱིར་ཟས་ཚོད་དེ་ཡང་ཕོ་བ་ཆ་བཞིར་བགོས་པའི་ཆ་གཉིས་ཟས་རིགས་ཀྱིས་གང་བར་བྱེད་པ་དང་། ཆ་གཅིག་སྐོམ་སྟེ་བཏུང་བའི་རིགས་ཀྱིས་གང་བ་དང་ཐ་མའི་ཆ་གཅིག་པོ་ནི་རླུང་རྒྱུའི་གནས་སུ་འཇོག་དགོས། ཡིན་ན་ཡང་སྐྱེས་བུ་དར་མ་དང་ཕོ་བའི་མེ་དྲོད་ཀྱི་སྟོབས་ཆེ་ཞིང་ལུས་བྲེལ་ཆེ་བ་སོགས་ལ་དེ་ལྟར་མ་ཡིན་པར་ཟས་འགྲངས་བ་ཙམ་ཟ་དགོས།  

སྐོམ་གྱི་ཚད།

དེ་ལྟར་གོང་དུ་ལྟོ་བའི་ཆ་གཉིས་ཟས་རིགས་ཀྱིས་གང་བར་ཟོས་པའི་རྗེས་སུ་སྐོམ་གྱི་རིགས་གང་ཡང་རུང་བ་ཞིག་འཐུང་བའི་ཐབས་ལ། ཟས་ཀྱི་རྗེས་སུ་སྐོམ་འཐུང་ན་ཟས་ཀྱི་ཆ་ཤས་རྣམས་བཤིག་ཅིང་འབྲུལ་བར་བྱེད་པས་བདེ་བླག་ཏུ་འཇུ་ལ་ལུས་སྟོབས་ཀྱང་ཆེས་ཆེར་འཕེལ་བར་བྱེད་པ་ཡིན ། གཞན་སྐད་འགག་པ་དང་། གློ་རྡོལ་གྱི་ནད། ལུད་པ་འཕེལ་བའི་ནད། ཆམ་པའི་ནད་སོགས་ལ་ཟས་ཟོས་རྗེས་སུ་སྐོམ་འཐུང་ན་མི་འཕྲོད་ཅིང་གནོད་པ་ཡིན་ལ། ཕོ་བའི་མེ་དྲོད་ཆུང་ཞིང་ཞན་པའི་རིགས་ཀྱིས་ལུག་ཤ་སོགས་ཤའི་རིགས་ཟོས་ཤིང་ཆང་ཡང་རན་པར་བཏུང་ན་མེ་དྲོད་སྐྱེད་པ་དང་། ཡང་ཟས་ཟོས་པའི་རྗེས་ལ་ཟས་མི་འཇུ་ཞིང་ལྟོ་བ་སྦོས་པའི་སྣང་ཚུལ་འབྱུང་བ་རྣམས་ལ་ཟས་ཀྱི་རྗེས་སུ་རྒྱུ་ཚྭ་ཅུང་ཙམ་བཏབ་པའི་ཆུ་སྐོལ་འཐུང་ན་ཟས་འཇུ་ཞིང་སྦོས་པ་ཞི་པར་འགྱུར་སྲིད། །ཞོ་དང་ཆང་འཐུང་རྗེས། མི་བདེ་བའི་སྣང་ཚུལ་བྱུང་ཚེ་ཆུ་བསིལ་ཏེ་ཆར་ཆུ་དང་གངས་ཆུ་སོགས་གྲང་མོའི་རིགས་འཐུང་ན་ཕན་ཞིང་བདེ་བར་འགྱུར་སྲིད།

ཟས་ཚོད་ཟིན་པའི་ཡོན་ཏན།

ཟས་སྐོམ་གྱི་ཚོད་ཟོན་པའི་ཡོན་ཏན་ནི་རླུང་ལ་སོགས་པའི་ཉེས་པ་རྣམས་དང་རང་གི་ལས་མ་ཡིན་པའི་གཞན་གནས་སུ་མི་འགྲོ་ཞིང་། ཕོ་བའི་མེ་དྲོད་སོགས་ལུས་ཀྱི་རྩ་འཁོར་གྱི་མེ་དྲོད་ཐམས་ཅད་ཀྱི་སྟོབས་འབར་བ་དང་། ལུས་ཤ་འཕེལ་བ། ཟས་སྐོམ་གང་ཡང་ལེན་པ། དང་ག་བདེ་བ། མིག་ལ་སོགས་པའི་དབང་པོ་རྣམས་གསལ་ཞིང་ལོངས་སྤྱོད་པ། ཤེས་སྟོབས་ཆེ་ཞིང་བཤང་བ་དང་གཅིན་པ། འོག་རླུང་དང་བཅས་པ་བདེ་བར་རྒྱུ་བ། གཞན་ཕོ་བའི་མེ་དྲོད་ཉམས་པ་དང་མ་ཞུ་བའི་ནད། ཕོ་ཚད་ཀྱི་ནད། འདུས་པ་སྨུག་པོའི་ནད། རྒྱུ་འགག་གི་ནད། རྒྱུ་ཚད་ཀྱི་ནད་སོགས་སྔོན་འགོག་ལེགས་པོ་བྱེད་པ་སོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལྡན། 


རིགས་མཐུན་ནང་དོན།
  • དཔྱིད་ཀར་ཁ་དོག་སྣ་ལྔའི་ཟས་རིགས་ཟོས་ན་དོན་ལྔ་གསོ་བར་ཕན།
  • ཤ་དུག་ཕོག་པ་སྔོན་འགོག་བྱེད་པའི་ཤེས་བྱའི་སྐོར།
  • བྱིས་པའི་བཟའ་བཏུང་བཀོད་སྒྲིག་བྱེད་པའི་རྩ་དོན།
  • དགུན་ཁར་ལུས་སྟོབས་གསོ་བའི་ཐབས་དམ་པ་དྲུག
  • དགུན་ཁའི་ཟས་མཆོག་སུར་པན།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019