ཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་གཟེ་ཆང་གཙོ་བྱས་སྨན་ཆང་རིགས་བདུན་ལ་ཆེད་མཁས་བའི་བདེན་དཔང་ཐོབ་པ།
དུས་ཚོད། 2013-11-25 11:08:41 ཀློག་གྲངས་ཐེངས།2186

 བོད་སྨན་སྨན་ཆང་ནི་ལོ་རྒྱུས་ཀྱི་རྒྱུན་རིང་བ།དཔལ་ལྡན་རྒྱུད་བཞིའི་སྨན་ཆང་གི་ལེའུ་ལས་ཀྱང་།གཟེ་ཆང་གཟེ་མ་ནས་བསྲེས་གླུམ་ནང་དུ།།གཟེ་མ་ཆུར་བསྡུས་ཁུ་བ་བསིངས་པ་ནི།།རུས་ཚིགས་མཁལ་མའི་རླུང་དང་ཆུ་སེར་འཇོམས།།ཁྱད་པར་རླུང་མཁལ་མར་བབས་པ་འདོན།།སོགས་སྨན་ཆང་རིགས་བདུན་པོ་ཡོད་པ་མ་ཟད་ཁ་ཚར་རིགས་བརྒྱད་ཀྱང་བསྟན་ཡོད།ལོ་ངོ༡༣༠༠ལྷག་གི་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད།ནས་ཆང་གཙོ་བྱས་པའི་བོད་སྨན་སྨན་ཆང་གི་རིག་གནས་ནི་ནས་ཆང་རིགས་ཀྱི་ནང་ནས་ཁྱད་ཆོས་མངོན་འཕགས་ཀྱི་བཟོ་རྩལ་ཤིག་རེད།འཐུང་ན་ཁ་ལ་ཞིམ་ཞིང་ཁོག་ལ་བསིལ།རྣམ་རིག་བཀྲ་ཞིང་དྲེག་ལ་ཕན།གྲང་རླུང་གསོ་ཞིང་མེ་དྲོད་སྐྱེད་པའི་ནུས་བ་ཡོད།ཁྱད་པར་དུ་རྒལ་ཚིགས་དང་རྐེད་པ་ན་བ་དང་མཁལ་མའི་ནུས་ཞན་པ།དྲེག་གྲུམ།མོ་ནད་སོགས་ལ་ཕན་པ་ཆེ་བས།སྔོན་ཆད་ཀྱི་རྒྱལ་བོ་དང་སྐུ་དྲག འབངས་མི་སེར་རྣམས་ཀྱི་དགའ་བོ་བྱེད་ཀྱི་ཡོད།འོན་ཀྱང་དུས་ཀྱི་འཕོ་འགྱུར་ཤིག་གིས་སྲོལ་རྒྱུན་གྱི་སྨན་ཆང་བསྙལ་བ་དེ་དེང་དུས་དེ་འདྲ་རྒྱུགས་མི་ཆེ་བར་འདུག

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྦྱོར་ཚན་ཁག་གི་བོད་སྨན་གྱི་སྦྱོར་སྡེ་འཐུས་ཇེ་ཚང་དང་ཉམས་ལ་ཉེ་བའི་སྨན་ཆང་གི་བཟོ་རྩལ་ལག་ལེན་གསོ་ཆེད།འགོ་གཙོ་རྣམས་ཀྱི་མཛུབ་སྟོན་དང་སྣེ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྦྱོར་ཚན་ཁག་གི་ལོ་གཅིག་གི་ཡིག་ཆ་འཚོལ་ཞིབ་བྱས་ཏེ།སྲོལ་རྒྱུན་གྱི་སྨན་ཆང་བསྙལ་བའི་ལག་ལེན་དང་ཉི་ཧུང་གི་ཆང་བསྙལ་བའི་ལག་ལེན་ཟུང་འབྲེལ་སྒོས་སྨན་ཆང་གི་གནད་དོན་ཐག་གཅོད་ལེགས་པོ་བྱུང་།ཟླ་འདིའི་ཚེས༢༢ཉིན་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རྩ་འཛུགས་ལྟར་ཆེད་མཁས་པ་དང་ལག་རྩལ་པ་རྣམས་ཀྱིས་དཔལ་ལྡན་རྒྱུད་བཞི་ལས་གསུངས་བའི་གཟེ་ཆང་དང་རུས་ཆང་།སྦྲང་ཆང་།ཛཱ་ཏི་ཆང་།བད་ཀན་ཆང་།ཟན་ཆང་།བུར་ཆང་།སོགས་སྨན་ཆང་རིགས་བདུན་གྱི་སྦྱོར་བ་དང་བཟོ་རྩལ་གོ་རིམ།ཕན་ནུས།བསྟེན་ཚུལ།འཛེམ་བྱ་བཅས་ལ་དབྱེ་ཞིབ་དང་རོ་མྱོང་བྱས་པ་རེད།ཆེད་མཁས་བཤད་བསྒྱུར།སྨན་ཆང་གི་ཚད་གཞུང་དང་མཐུན་ཞིང་བཟོ་རྩལ་ཡང་འཐུས་ཤིག་འདུག སྨན་གྱི་ནུས་བ་བཟང་བོ་འདུག ཐེངས་འདིའི་སྨན་ཆང་གི་སྦྱོར་སྡེ་ལེགས་འགྲུབ་བྱུང་བ་ཡིས་བོད་ཀྱི་སྲོལ་རྒྱུན་སྨན་ཆང་རྒྱུད་འཛིན་དང་ནད་ཐོག་ལག་ལེན་བྱེད་པ་ལ་ནུས་བ་མངོན་གསལ་ཐོན་ཡོད།ཅུང་ཙམ་ཐོན་སྐྱེད་བྱས་རྗེས་ནད་ཐོག་ཏུ་ཚོད་ལྟ་བྱེད་རྒྱུ་གལ།

ཐེངས་འདིའི་ཆེད་མཁས་པའི་བགྲོ་གླེང་ནང་བཞིན།མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྦྱོར་ཚན་ཁག་གིས་སྨན་ཆང་ཅུང་ཙམ་ཐོན་སྐྱེད་བྱས་རྗེས་ནད་ཐོག་ཏུ་ཚོད་ལྟ་བྱེད་རྒྱུ་ཡིན།


རིགས་མཐུན་ནང་དོན།
  • མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རེག་དུག་སྲེག་སྨན་འདུལ་སྦྱོང་གི་ལག་ལེན་ལ་ཆེད་མཁས་བའི་བདེན་དཔང་ཐོབ་པ།
  • བོད་ཀྱི་གསོ་རིག་ཆེད་མཁས་འོ་ཚོགས་ཆེན་ལ2013ལོའི་ཧི་ལང་ཧི་ལེ་ཚན་རྩལ་བྱ་དགའ་ཐོབ།
  • མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ལིང་ཏོག་མིག་ནད་སྨན་བཅོས་ཀྱི་བྱ་འགུལ་སྤེལ།
  • ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་རྩོམ་སྒྲིག་ཨུ་ཡོན་ཚོགས་པ་དང་རྩོམ་སྒྲིག་བྱ་བའི་ཚོགས་འདུ་མཚོ་སྔོན་ཧོར་གྲོང་དུ་བསྡུས།
  • ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་སྐབས་གསུམ་པའི་རྒྱུན་ལས་ཚོགས་པ་བརྗེ་སྤོར་དང་༢༠༡༣ལོའི་རིག་གཞུང་དཔྱད་བསྡུར་ཚོགས་འདུའི་རྩོ་སྡུད་བརྡ་ཐོ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019