བད་ཀན་གྱི་ནད་གསོ་བཅོས་ཀྱི་ལག་ལེན།
དུས་ཚོད། 2014-01-13 11:02:50 ཀློག་གྲངས་ཐེངས།1665

བད་ཀན་གྱི་ནད་ཅེས་པ་ནི་ངོ་བོ་ལྕི་རྟུལ་བསིལ་བ་སོགས་མཚན་ཉིད་བདུན་ལྡན་ཐ་མལ་དུ་གནས་པ་དེ་རྣམ་པར་གྱུར་ཏེ་ལུས་ལ་གནོད་པར་བྱེད་པ་ལ་བད་ཀན་གྱི་ནད་ཅེས་ཟེར།

ནད་ཀྱི་འབྱུང་རྐྱེན།

སློང་རྐྱེན་ཁ་མངར་ལྕི་བསིལ་སྣུམ་བསྟེན་དྲགས། །འགྲངས་རྗེས་དལ་བར་བསྡད་དང་ཉིན་གཉིད་ལོག ། རླན་སྟེང་ཉལ་དང་ཆུར་ཞུགས་གོས་སྲབ་འཁྱགས། །གྲོ་སྲན་གསེར་ཐོག་བསེར་ཅན་སུངས་པ་དང་། ། ར་སྐོམ་ཤ་རིད་ཚིལ་བུ་འབྲུ་མར་དང་། །རྩི་མར་རུལ་བ་ལོ་ཤུར་ལ་ཕུག་རས། །རི་སྒོག་ལ་སོགས་རྗེན་ཟས་མཐའ་དག་དང་། །མ་ཚོས་པ་དང་ཚིག་པོ་ཁེངས་པོའི་ཟས། །བ་རའི་འོ་མ་ཞོ་དར་ཆུ་གྲང་ཇ། །བཟའ་བཏུང་ཆེས་ཏེ་ཚད་ལས་འདས་པའམ། །སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡི། །རྐྱེན་དེ་རྣམས་ཀྱིས་བད་ཀན་གྲང་ནད་སློང་། །

ནད་ཀྱི་རྟགས།

རྩ་བྱིང་ལ་འཕར་སྟོབས་ཆུང་བ། དྲི་ཆུའི་མདོག་དཀར་ལ་དྲི་རླངས་ཆུང་བ། ལྕེ་ཪྙིལ་སྐྱ་ལ་རོ་མི་གསལ་བ། མིག་སྤྲིན་དཀར་ཞིང་སྐྲངས་པ།སྣབས་ལུད་མང་ཞིང་མགོ་བོ་འཐོམ་པ། ལུས་སེམས་ལྕི་ལ་དང་ག་མི་བདེ་བ། ཟས་སྐོམ་འཇུ་སྟོབས་ཆུང་ལ་ལུས་དྲོད་མེད་པ། མཁལ་རྐེད་མི་བདེ་ལ་ལུས་ཀྱི་བྱེ་བྲག་འགའ་ཞིག་ཏུ་ལྦ་བ་སྐྱེ་བ། རྩམ་པ་དང་བད་ཀན་སྐྱུག་ཅིང་འཁྲུ་བ། དྲན་པ་མི་གསལ་ཞིང་གཉིད་ཆེ་ལ་སྒྱིད་པ་སྐྱུར་བ། ནམ་ཞོད་ཆེ་དུས་དང་། སྲོད་དང་སྔ་དྲོའི་དུས། ཟོས་ཐོག་དེ་ཉིད་དུ་ནད་ལྡང་བ། ཟས་ལྕི་བསིལ་དང་། སྤྱོད་ལམ་རླེན་སྟེང་ཉལ་བ། ལུས་པོ་འཁྱགས་པའི་རིགས་ཀྱིས་ཁྱད་པར་དུ་ན་བ་ཡིན་ན་བད་ཀན་གྱི་ནད་ཡིན་པར་ངེས་སོ། །

གསོ་ཐབས་དངོས།

རྒྱམ་ཚྭ་བཞི་ཐང་། སེ་འབྲུ་ལྔ་བ། སེ་འབྲུ་དྭངས་གནས། ཕྱི་རྒྱུད་རྒོད་མ་ཁ། ཟས་སྨན་བཅུ་བ་སོགས་བསྟེན་རྒྱུ་དང་། གཞན་ཡང་དཔྱད་དུ་ལན་ཚྭ་དང་། བོང་ང་། གཡི་སྤྱང་སོགས་ཀྱི་ པགས་པའི་སྤུ་མེ་ལ་བསྲོས་པའི་དུགས་བསྟེན་པ་དང་ནད་ཤིན་ཏུ་རྒྱས་ན་ཚིགས་པ་གསུམ་པ་དང་། བཅུ་གཉིས། མདུན་གྱི་ལྷེན་དང་མེ་མཉམ་གསང་རྣམས་སུ་སྤྲ་མེས་བཅོས་པར་བྱའོ། །


རིགས་མཐུན་ནང་དོན།
  • མཁྲིས་པའི་ནད་གསོ་བཅོས་ཀྱི་ལག་ལེན།
  • རླུང་གི་ནད་གསོ་བཅོས་ཀྱི་ལག་ལེན།
  • བྱིས་པའི་མཆིན་ནད་བཅོས་ཐབས་འཁྱེར་བདེ་རུ་བཀོད་པ་བཞུགས་སོ། །
  • མཆིན་ནད་ལྡེམ་བུའི་འགོག་བཅོས་ཤེས་བྱ།
  • ༄༅།། གྲེ་བར་གྲ་མ་སོགས་ཟུག་པ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019