རིན་ཆེན་གྲང་སྦྱོར་གྱི་སྦྱོར་སྡེའི་ཞིབ་བཤེར་དང་ཟབ་སྦྱོང་ཚོགས་འདུ།
དུས་ཚོད། 2014-01-17 10:12:58 ཀློག་གྲངས་ཐེངས།1630

རིན་ཆེན་གྲང་སྦྱོར་ནི་སྨན་སྣ་༡༦༠ལྷག་གིས་གྲུབ་པའི་སྡེབ་ཀ་ཆེས་མང་བའི་ བོད་སྨན་ཞིག་ཡིན། དེར་རྩ་ཆེ་ཞིང་ཤིན་ཏུ་དཀོན་པའི་སྨན་རྫས་མང་པོ་སྟེ། དཔེར་ན།  བཅུད་ལེན་གྱི་རྒྱལ་བོ་བཙོ་ཐལ་དང་། སྲོག་ཆགས་ཀྱི་སྨན་གླ་རྩི་དང་།  བསེ་རུའི་རྭ།  གི་ཝང་སོགས་དང་།  གསེར།  བྱུ་རུ།  མརྒད་སོགས་རིན་པོ་ཆེའི་སྨན་མང་པོ་ལྡན་ཞིང་།   འདི་བཟོ་བར་འདུལ་སྦྱོང་གི་ལག་རྩལ་ཡང་ངེས་ཅན་ཞིག་དགོས་ཏེ། འདུལ་སྦྱོང་གི་ལས་ཀའི་སྣ་མང་ལ་ཞིབ་ཚགས་ཆེ།   དེ་བཞིན་རིན་ཆེན་གྲང་སྦྱོར་ལ་ནད་རིགས་མང་པོ་སེལ་བའི་ཕན་ནུས་ཁྱད་པར་ཅན་མཆིས་ཏེ། འདུས་ནད་སྨུག་པོ་དང་། ཁྲག་མཁྲིས། བད་རླུང་། དམུ་ཆུ། འོར། མཛེ་ནད། འབྲས་ནད།  གག་ལྷོག གཉན་ནད། གྱུར་དུག ཁྱི་དུག དབྱིག་དུག་དང་།  སྦྱར་དུག  རེག་དུག་ལ་སོགས་པའི་དུག་རིགས་ཀུན།  ཚད་པ་རྙིང་པ། རིམས་ནད། རྒྱུ་གཟེར་སོགས་ཀྱི་ནད་སེལ་བར་མ་ཟད། ནད་མེད་ཀྱིས་བསྟེན་ཡང་བཅུད་ལེན་གྱི་མཆོག་ཏུ་འགྱུར།    སྨན་འདི་རྒྱལ་ཁབ་ཀྱི་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རུ་ཡང་བཀོད་ཡོད།

     

 

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྦྱོར་ཚན་ཁག་གིས་ལོ་གཅིག་གི་དུས་ཡུན་ལ་སྟ་གོན་བྱས་ཏེ། རིན་ཆེན་གྲང་སྦྱོར་གྱི་སྡེབ་ཀ་འཚོལ་བསྡུ་དང་དེའི་འདུལ་སྦྱོང་གི་བྱ་བ་ཡོངས་སུ་འགྲུབ། བོད་སྨན་འདུལ་སྦྱོང་གི་ལག་ལེན་མ་མཉམ་གོང་འཕེལ་དང་རྒྱུད་འཛིན་ལེགས་པོ་ཡོངས་བ། ལག་རྩལ་མི་སྣས་རིན་ཆེན་གྲང་སྦྱོར་བཟོ་བའི་ལག་རྩལ་བྱང་ཆུད་པ་དང་ཚུལ་བཞིན་དུ་རྒྱུད་འཛིན་བྱེད་ཆེད།  ཁྱད་པར་དུ་ཞིང་ཆེན་ནང་ཁུལ་དུ་རིན་ཆེན་གྲང་སྦྱོར་གྱི་སྡེབ་ཀ་དག་གི་ངོས་འཛིན་དང་དབྱེ་འབྱེད། འདུལ་སྦྱོང་།  སྦྱོར་སྡེབ་སོགས་ལ་གཅིག་གྱུར་གྱི་ཚད་གཞི་ཞིག་བཟོ་ཐུབ་པར་དམིགས་ཏེ།

   ཐེངས་འདིར་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་།    མཚོ་སྔོན་ཞིང་ཆེན་བོད་སྨན་ཞིབ་འཇུག་གླིང་། མཚོ་སྔོན་ཨ་རུ་བོད་སྨན་ཚད་ཡོད་ཀུང་སི། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་བོད་སྨན་མཁས་པ་རྣམས་གདན་འདྲེན་ཞུས་ནས་སྨན་སྣ་རེ་རེར་དབྱེ་འབྱེད་ཀྱིས་བཟང་ངན་གཏན་འཁེལ་བྱེད་པ་དང་།   དུས་མཚུངས་སུ་ཆེད་ལས་ལག་རྩལ་མི་སྣར་ཟབ་སྦྱོང་གི་ལས་ཀ་ཆ་ཚང་ཞིག་བསྒྲུབ་ཐུབ་པ།   ནད་པ་མང་ཚོགས་དང་གསར་འགོད་པས་སྨན་སྡེབ་པའི་གོ་རིམ་མགོ་མཇུག་བར་གསུམ་ལ་ལྟ་རྟོག་བྱས་ཏེ།  སྨན་གྱི་སྤུས་ཀར་ཁག་ཐེག་དང་ངོས་ལེན་བྱེད་ཐུབ་པ་དང་།    དུས་མཚུངས་སུ་དྲིལ་བསྒྲགས་ཀྱི་ནུས་པའང་ངེས་ཅན་ཞིག་ཐོབ་པ་བཅས་ཀྱི་རེ་བ་ཡོད།

 


རིགས་མཐུན་ནང་དོན།
  • ཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་གཟེ་ཆང་གཙོ་བྱས་སྨན་ཆང་རིགས་བདུན་ལ་ཆེད་མཁས་བའི་བདེན་དཔང་ཐོབ་པ།
  • མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རེག་དུག་སྲེག་སྨན་འདུལ་སྦྱོང་གི་ལག་ལེན་ལ་ཆེད་མཁས་བའི་བདེན་དཔང་ཐོབ་པ།
  • བོད་ཀྱི་གསོ་རིག་ཆེད་མཁས་འོ་ཚོགས་ཆེན་ལ2013ལོའི་ཧི་ལང་ཧི་ལེ་ཚན་རྩལ་བྱ་དགའ་ཐོབ།
  • མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ལིང་ཏོག་མིག་ནད་སྨན་བཅོས་ཀྱི་བྱ་འགུལ་སྤེལ།
  • ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་རྩོམ་སྒྲིག་ཨུ་ཡོན་ཚོགས་པ་དང་རྩོམ་སྒྲིག་བྱ་བའི་ཚོགས་འདུ་མཚོ་སྔོན་ཧོར་གྲོང་དུ་བསྡུས།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019