༄༅།། སྨན་ལྷ་གཉིས་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།
དུས་ཚོད། 2012-08-29 16:09:24 ཀློག་གྲངས་ཐེངས།3421
      སྨན་ལྷ་གཉིས་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནི་ས་སྤྲེལ་(སྤྱི་ལོ་༧༠༨)ལོར་སྟོད་ལུང་བདེ་ཆེན་ཤང་ཁོངས་གཡུ་ཐོག་སྒང་དུ་ཡབ་ཁྱུང་པོ་རྡོ་རྗེ་དང་ཡུམ་རྒྱ་པ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་འཚོ་བཞུགས་གནང་དགུང་ལོ་གསུམ་ཐོག་ཡབ་ཀྱི་དྲུང་དུ་ཡི་གི་འབྲི་ཀློག་ལ་སྦྱང་པ་མཛད་པས་ཚེགས་མེད་དུ་མཁྱེན་སྐུ་ན་སོན་རྗེས་གསོ་རིག་ལ་སྦྱང་པ་ལེགས་པར་མཛད་དེ་མཁས་པར་གྱུར་དེ་རྗེས་ཁོང་གི་མཚན་གཉེན་ཆོས་རྒྱལ་མེས་ཧག་ཚོམ་གི་སྙན་དུ་འཁྱོལ་བས་བསམ་ཡས་སུ་གདན་དྲངས་བོད་ཀྱི་སྨན་པ་མཁས་པ་མང་པོ་དང་ཕྱོགས་བཞིའི་སྨན་པ་མི་དགུ་བོད་དུ་གདན་དྲངས་པ་རྣམས་དང་རྩོད་གླེང་མཛད་སྐུ་ཡོན་ཁྱད་དུ་འཕགས་པར་བོད་ཀྱི་སྨན་པ་མཁས་པ་རྣམས་དད་གུས་སྐྱེས།

        ཕྱོགས་རིགས་ཀྱིས་སྨན་པ་རྣམས་ཧ་ལས་ཏེ་བསྟོད་པའི་བསྔགས་བརྗོད་ཕུལ།དེ་ནས་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་སྔ་རྗེས་སུ་བལ་ཡུལ་བརྒྱུད་རྒྱ་གར་དུ་ཐེངས་གསུམ་བྱོན་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ཙནྡྲ་དེ་ཝའི་ཞབས་ལ་གཏུགས་ནས་གདམས་ངག་ཞུས་པས་པནྟི་ཏ་ཆེན་པོས་རྒྱུད་བཞིའི་ཁ་སྐོང་དང་གསོ་རིག་གི་གདམས་ངག་མང་པོ་གནང་དེ་རྗེས་དགུང་ལོ་སོ་ལྔར་ཕེབས་པའི་དུས་སུ་སླར་ཡང་འཕགས་ཡུལ་དུ་བྱོན་ནས་པནྡི་ཏ་ཆེན་པོ་ཙནྡྲ་དེ་ཝའི་དྲུང་ནས་བཀའ་གདམས་མན་ངག་དུ་མ་གསན་ཁྱད་པར་འཁྲིད་ཡིག་བརྒྱ་ཙ་ཐོབ་སྟེ་བོད་དུ་ཕྱིར་ཕེབས་ཤིང་བྱ་(སྤྱི་ལོ་༧༤༥)ལོར་གཡུ་ཐོག་པ་ཆེན་པོ་རྒྱ་གར་དུ་ཐེངས་གསུམ་པ་བྱོན་བླ་མ་རྒྱ་ཙ་གཅིག་དང་མཇལ་འབྲས་རྩིས་ཤིང་རྟའི་སྲོལ་འབྱེད་ལ་སོགས་པ་ཕྱི་ནང་གི་རིང་གནས་དང་གདམས་ངག་མང་དུ་གསན་ལྷག་པར་དུ་དཔལ་ལྡན་རྒྱུད་བཞིའི་གབ་པ་གསལ་བྱེད་ཀྱི་ཐོ་བྱང་དང་བཅས་པ་ཐོབ་ནས་བོད་དུ་ཕྱིར་ཕེབས་དཔལ་ལྡན་རྒྱུད་བཞི་གཏེར་ནས་གདན་དྲངས་བོད་ཀྱི་གསོ་རིག་མཁས་པ་མི་དགུ་ལ་སོགས་པར་གསོ་རིག་གི་གཞུང་ལུགས་མང་པོ་བཀའ་ཁྲིད་གནང་སློབ་མའི་ཚོགས་དྲིན་གྱིས་བསྐྱངས་བོད་གངས་ཅན་ཡུལ་དུ་གསོ་རིག་སློབ་གསོ་དང་སྨན་པའི་ལས་གནས་གོ་མིང་གསར་དུ་བཏོད་དེ་རྗེས་མེས་རྒྱལ་ནང་སའི་ཡུལ་གྲུ་མང་པོར་ཕེབས་ཏེ་རྒྱལ་པོ་དང་གདུལ་བྱ་འགྲོ་བ་མང་པོ་ནད་ཀྱི་སྡུག་བསྔལ་ལས་བསྐྱབས་ཀྲུང་དབྱིའི་གསོ་བ་རིག་པ་མཁས་གཅན་མང་པོའི་ཞབས་ལ་གཏུགས་ཀྲུང་དབྱིའི་གསོ་བ་རིག་པའི་གཞུང་ལུགས་སྤྱི་དང་ཁྱད་པར་དུ་བོད་ཡིག་ཏུ་བསྒྱུར་བའི་སྨན་དཔྱད་ཆེ་མོ་ལ་སོགས་པར་དཔྱད་ཞིབ་ཉམས་ལེན་དང་བླངས་དོར་གང་ཟབ་མཛད་དེ་བཞིན་མཁས་པ་མི་དགུ་དང་ཕྱོགས་རིགས་སྨན་པ་མི་དགུའི་ལག་ལེན་དངོས་ཀྱི་མྱོང་ཆ་མཐའ་ཡས་པ་བླངས་བོད་ཀྱི་གནའ་བོའི་གསོ་རིག་གཞུང་ལུགས་དང་ལག་ལེན་དངོས་ཀྱི་མྱོང་ཆ་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་བ་རིག་པའི་རྩ་བའི་གཞུང་ལུགས་དང་བརྟག་ཐབས་རིག་པ་དཔྱད་ཐབས་རིག་པ་སྨན་སྦྱོར་རིག་པ་སོགས་གཞུང་ལུགས་མ་ལག་ལྡན་པ་གསར་དུ་བཏོད་སློབ་མ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་བྱུང་གང་ཅན་ཡུལ་གྱི་འགྲོ་བ་ཇི་སྙིད་པ་ནད་ཀྱི་སྡུག་བསྔལ་ལས་བསྐྱབས་པས་སྨན་ལྷ་གཉིས་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཞེས་སྙན་པའི་མཚན་བཟང་འཇིགས་རྟེན་ཁམས་གསུམ་དུ་གྲགས་པར་གྱུར་མཐར་དགུང་གྲངས་བརྒྱ་དང་ཉེར་ལྔའི་ཐོག་ཏུ་དགོངས་པ་མྱ་ངན་ལས་འདས་པ་བཅས་སོ། །


རིགས་མཐུན་ནང་དོན།
  • ༄༅།།བོད་ཀྱི་གསོ་རིག་མཁན་པོ་བྱམས་པ་འཕྲིན་ལས་ཀྱི་རྨད་བྱུང་མཛད་རྗེས།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019