༄༅།། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས།
དུས་ཚོད། 2012-08-29 15:58:18 ཀློག་གྲངས་ཐེངས།4054
      མཁས་དབང་འདི་ཉིད་ནི་སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་གི་ཁོངས་སུ་གཏོགས་པ་དམུ་དགེ་ཞེས་བྱ་བའི་དགོན་འོག་སོག་པོ་རུ་ཟེར་བའི་རོང་སྡེ་ནས་རབ་བྱུང་བཅོ་ལྔ་བའི་ཤིང་ཕོ་སྟག་(༡༩༡༤ལོ)ལོར་སྐུ་འཁྲུངས།   དགུང་ལོ་བཅུ་གཅིག་ཐོག་བདེ་ཚང་ཁྲི་རྒན་བློ་བཟང་བསྟན་པའི་ཉི་མ་ལས་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་བསམ་གཏན་ཞེས་གསོལ།   དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དུ་ཆོས་གྲྭ་དང་ཚོགས་ལ་ཞུགས།   དགུང་ལོ་བཅུ་དགུར་གཞུང་རྒྱུགས་འབུལ་གནང་མཛད་པ་དང་ཆབས་ཅིག་འཛིན་གྲྭའི་སྐྱོར་དཔོན་དུ་བསྐོས། དེའི་ཕྱི་ལོ་རྒྱམ་ཁོ་སྤྲུལ་སྐུ་དང་ལྷན་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས།   མཁས་པའི་དབང་ཕྱུག་རྗེ་དཀོན་མཆོག་བསམ་འགྲུབ་ཡོངས་འཛིན་དུ་བསྟེན་ནས་ཐུགས་འཛིན་སྐྱོར་སྦྱངས་སོགས་ལ་ཧུར་ཐག་མཛད་ནས་རིང་བོར་མ་ཐོགས་པར་བྲང་བཀྲ་ཤིས་འཁྱིལ་དུ་རིགས་པ་སྨྲ་བའི་གྲས་སུ་ཆུད་དེ་དམུ་དགེ་བསམ་གཏན་ཞེས་མཚན་ཡོངས་སུ་གྲགས།
     
དགུང་ལོ་ཉེར་བདུན་ཐོག་བླ་ཁོ་རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ཞལ་སྔ་ལས་བསྙེན་པར་རྫོགས། དགུང་ལོ་སོ་གཉིས་ཐོག་ཨ་མཆོག་དགོན་རྒྱུད་པ་གྲྭ་ཚང་གི་ཨ་ཁུ་འཇམ་དབྱངས་རྔ་ཕྲུག་གི་མདུན་ནས་རྒྱ་རྩིས་ཀྱི་རི་མོ་ཆ་ཚང་སློབ་གཉེར་མཛད།   ཁོང་གིས་རྡོ་རམས་པ་བཏང་ནས་ལོ་གཉིས་དང་ཟླ་བརྒྱད་སོང་བའི་མཚམས་ལ་བླ་བྲང་བརྒྱུད་དུ་བཅིངས་འགྲོལ་ཐོབ།   གོང་རིམ་ནས་ལན་གྲུར་ཕྱག་ལས་གནང་བར་ཕེབས་རྒྱུའི་ཞལ་སྐུལ་ཞུས། ཁོང་ཉིད་ལན་གྲུར་ཕེབས་སྐབས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་མཇལ།   དགུང་ལོ་སོ་བདུན་པ་ལྕགས་སྟག་(༡༩༥༠)ལོར་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་མཉམ་དུ་གནམ་གྲུར་བཞུགས་ནས་པེ་ཅིན་དུ་ཕེབས།   དེར་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་སྟེ«མི་དམངས་བརྙན་པར་»སོགས་ལ་བསྒྱུར་ཞུས་མཛད།   ལྕགས་ཡོས(༡༩༥༡ལོ)ལོར་ང་ཕོད་སོགས་བོད་ས་གནས་སྲིད་གཞུང་གི་འཐུས་མི་རྣམས་པེ་ཅིན་དུ་འབྱོར་ཏེ་བོད་ཞི་བའི་བཅིངས་འགྲོལ་གཏོང་རྒྱུའི་གྲོས་མཐུན་དོན་ཚན་བཅུ་བདུན་པ་འཇོག་སྐབས་གྲོས་མཐུན་པར་ཞུས་ཀྱི་ལས་དོན་ནང་ཞུགས།
    
དགུང་ལོ་བཞི་བཅུར་ཕེབས་པ་ཆུ་སྤྲུལ(༡༩༥༣ལོ)ལོར་ཀུན་མཁྱེན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོའི་གསུང་ཤོག་འབྱོར་ཏེ་ལྷ་རམས་པ་དཀོན་མཆོག་བསྟན་འཛིན་དང་དམ་པ་དེ་ཉིད་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་གྱི་མཚན་ཉིད་དགེ་རྒན་དུ་བསྐོ་བཞག་གནང་།   དགུང་གྲངས་ཞེ་གཉིས་པ་ཤིང་མོ་ལུག(༡༩༥༥ལོ)ལོའི་བོད་ཟླ་གཉིས་པར་ལྷ་རྒྱལ་གླིང་སྲིད་གཞུང་ནས་གདན་ཞུ་བྱས་པ་ལྟར་ཕེབས་ཏེ་ལྷ་རྒྱལ་གླིང་སྲིད་གཞུང་རིག་གནས་ཁའོ་ཡི་ཁའོ་ཀྲང་གཞོན་པ་དང་མིང་ཀྱཱང་གསར་འགྱུར་ཁང་གི་བོད་ཡིག་གསར་འགྱུར་རྩོམ་སྒྲིག་གི་ལས་འགན་གཅིག་ལྕོགས་གནང་།   སྤྱི་ལོ༡༩༥༩ལོའི་ཟླ་ལྔ་བར་པེ་ཅིན་དུ«རྒྱ་བོད་ཤན་སྦྱར་ཚིག་མཛོད»དང«མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས»དེབ་དང་པོའི་བསྒྱུར་ཞུས་མཛད་པར་ཕེབས།   དགུང་ལོ་ང་གསུམ་པ་མེ་རྟ(༡༩༦༦ལོ)ལོར་རིག་གནས་གསར་བརྗེ་ཆེན་པོའི་ནང་སློབ་སྦྱོང་དང་ངལ་རྩོལ་འདྲེས་མའི་ངང་བཞུགས།   དགུང་ལོ་དྲུག་ཅུ་སྟེ་ཆུ་གླང(༡༩༧༣)ལོའི་ཧོར་ཟླ་གསུམ་པར་དཀར་འདོན་བྱས།    ཤིང་ཡོས(༡༩༦༥ལོ)ལོར་ཁྲིན་ཏུའུ་རུ་ཕེབས་ཏེ«བོད་རྒྱ་ཚིག་མཛོད་ཆེན་མོ་»བསྐྲུན་པར་གཞི་བཏིང་།   མེ་སྦྲུལ(༡༩༧༧ལོ)ལོའི་ཟླ་བཅུ་གཉིས་པར་སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཞི་བའི་རྒྱུན་ལས་ཨུ་ཡོན་དུ་བདམས་ཐོན་བྱུང་བ་དང་།   དེའི་ཕྱི་ལོར་རྔ་བ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས།   ལྕགས་སྤྲེལ(༡༩༨༠ལོ)ལོའི་སྤྱི་ཟླ་དང་པོར་པེ་ཅིན་དུ་གྲངས་ཉུང་མི་རིགས་སྐད་ཡིག་ཚན་རིག་གྲོས་བསྡུར་ལ་ཞུགས་ཏེ་ཉིན་བཅུ་གཉིས་རིང་རྩོད་གླེང་མཛད་མཐར་དེ་སྔ་མའོ་ཙེ་ཏུང་གི་གསུང་རྩོམ་སློབ་སྦྱོང་འཛིན་གྲྭ་ཟེར་བ་ཞིག་བཙུགས་པ་དེས་བོད་ཡིག་བཅོས་སྒྱུར་བྱེད་དགོས་ཞེས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་རྩ་བརླག་གཏོང་བའི་ཡིག་ཆགནད་བསྡུསཟེར་བ་དེ་རྩིས་མེད་གཏོང་ཐུབ་པ་བྱུང་བ་དང་སྦྲགས།    གནད་བསྡུསཀྱི་དགག་ཡིག་མཐར་དཔྱད་ཟེར་བ་ཞིག་ཆེད་མངགས་རྩོམ་འབྲི་གནང་ནས་ཚིག་མཛོད་ཁང་གི་ལས་བྱེད་ཡོངས་ལ་ཚར་གཅིག་ཁྲིད་གནང་མཛད།     དགུང་ལོ་རེ་དགུ་པ་ཆུ་ཁྱི(༡༩༨༢ལོ)ལོའི་ཟླ་བདུན་པའི་ཚེས་གཉིས་ཉིན་ལྷ་ས་སྨན་རྩིས་ཁང་གི་གདན་ཞུས་ལྟར་ལྷ་སར་ཕེབས་ཏེ་གཙུག་ལག་ཁང་གི་ཐོག་ཁང་དུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེར་ནང་མཇལ་ཞུས།དགུང་གྲངས་བདུན་ཅུར་ཕེབས་པ་ཆུ་ཕག(༡༩༨༣ལོ)ལོའི་ཟླ་གསུམ་པར་པེ་ཅིན་དུ་ཕེབས་ནས་ཀྲུང་དབྱང་མི་རིགས་སློབ་གླིང་དུ་སློབ་ཁྲིད་མཛད།    དེ་ནས་ལོ་བཅུ་གྲངས་རིང་ཁོང་ཉིད་མདོ་སྨད་ཀྱི་ཡུལ་གྲུ་གང་སར་ཕེབས་ཏེ་སློབ་ཁྲིད་དང་ཆོས་འཁོར་རྒྱ་ཆེར་བསྐོར་གནང་མཛད་དེ།སློབ་མ་མང་པོ་གསོ་སྐྱོང་གནང་མཐར་དགུང་ལོ་བརྒྱད་ཅུར་ཕེབས་པ་རབ་གནས་ཆུ་བྱ་ལོའི་ཧོར་ཟླ་གསུམ་པ་ཕྱི་མ་ཤོལ་ཟླའི་ཚེས་བཅོ་ལྔ(༡༩༩༣ལོའི་ཟླ་༥པའི་ཚེས༦)ཉིན་སྐུ་གཤེགས།   ཁོང་གི་གསུམ་རྩོམ་སྐོར་གཅིག་ཏུ་བསྡུས་ནས་ཁྱོན་པོད་དྲུག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད་པ་ལགས་སོ།།


རིགས་མཐུན་ནང་དོན།

 

༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

 E-Mail:webmaster@arura.com.cn                                Tel:0971-8201019