༄༅། །དཔལ་ལྡན་རྒྱུད་བཞིའི་འགྲེལ་ཆེན་མེས་པོའི་ཞལ་ལུང་རྩོམ་པ་པོ་གཉིས་ཀྱི་རྣམ་ཐར་མདོར་བསྡུས་སུ་བཀོད་པ་བཞུགས་སོ།།
དུས་ཚོད། 2012-09-11 9:53:29 ཀློག་གྲངས་ཐེངས།1800

ཟུར་མཁར་བློ་གྲོས་རྒྱལ་པོ།

ཟུར་མཁར་བློ་གྲོས་རྒྱལ་པོ་ཞེས་པ་ནི། ཟུར་མཁར་བ་གོང་མ་ངྷརྨ་སྭ་མིའི་རིགས་རུས་སུ་རབ་བྱུང་དགུ་པའི་ས་སྦྲུལ་(སྤྱི་ལོ་༡༥༠༩)ལོ་ལ་སྐུ་འཁྲུངས། ཐོག་མའི་མཚན་ལ་ཚེ་བརྟན་རྒྱལ་དང། རྗེ་ཀརྨ་འཕྲིན་ལས་པས་གཙུག་ཕུད་བཞེས་ཏེ་མཚན་ལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་ལེགས་བཤད་འཚོལ། ཞྭ་དམར་བས་བློ་གྲོས་རྒྱལ་པོ། རང་གིས་མེས་པོའི་འབངས་རྣམས་སུ་མཚན་བཏགས། ཆུང་ངུ་ནས་གོང་མའི་རྒྱུན་གྱི་གསོ་དཔྱད་ལ་སློབ་གཉེར་མཛད་པ་དང། འཚོ་སྨད་མཁན་ཆེན་གྱི་སློབ་མ་གླང་བུ་ཆོས་རྗེ་ཞེས་པ་སློབ་དཔོན་དངོས་སུ་བསྟེན་ནས་རྒྱུད་བཞི་དང། བྱེ་བ་རིང་བསྲེལ་ལ་སོགས་པ་མང་དུ་ཞུས། བློ་གྲོས་རྒྱལ་པོ་རང་ཉིད་ཟུར་ལུགས་ཡིན་རུང་(རྒན་པོའི་ཁ་ཆེམས་)ཞེས་པའི་ནང་གསལ་ལྟར་བྱང་བ་བཀྲ་ཤིས་དཔལ་བཟང་ནས་རིམ་པར་བརྒྱུད་པའི་དྲུང་ནས་བྱང་པ་སྐུ་མཆེད་དང། དཔོན་ཚང་འཕན་དར་བ། མངའ་རིས་ཕྱག་སྨན་རིན་རྒྱལ་གྱི་དབོན་པོ་སོགས་དང། ཁྱད་པར་ས་སྐྱ་སྨན་གྲོང་དུ་བྲང་ཏིའི་ཞལ་ངོ་ཡབ་སྲས་ལ་(ཡན་ལག་བརྒྱད་པ་)དེའི་(རང་འགྲེལ་) (ཟླ་ཟེར།)(ཆ་ལག་བཅོ་བརྒྱད་)(གསེར་བྲེ།)(དངུལ་བྲེ་)རྣམས་ཀྱི་ལུང་གསན། གཡུ་ཐོག་པས་མཛད་པའི་ཡིག་ཆ་ཁོ་ན་རྩད་གཅོད་གནང་ཆེད་གཙང་ཉང་སྨད་ཀྱི་ཕྱོགས་སུ་ཕེབས་པ་དང། ས་ཆ་དེ་ནས་གཡུ་ཐོག་གསར་མའི་(རྒྱུད་བཞི་ཕྱག་དྲེག་མ།)ཞེས་པའི་གསེར་མཆན་རྙེད་པར་གྲགས། དེར་ས་སྤྱོད་དབང་རྒྱལ་གྲགས་པས་མཐུན་རྐྱེན་གནང་བར་བརྟེན། ལོ་བཞིའི་བར་དུ་(རྩ་བཤད་འགྲེལ་པ་མེས་པོའི་ཞལ་ལུང་)ཞེས་པ་རྩོམ་གནང་མཛད། རྗེས་སུ་དབུས་ཕྱོགས་ལ་བྱོན་ཏེ་གཞི་ལམ་འབྲས་གསུམ་ལས་བརྩམས་པའི་དྲི་ཚིག་གི་ཡི་གེ་ལྷ་སའི་རྡོ་རིང་ལ་ལན་གསུམ་དུ་སྦྱར་བས་དེའི་གཏམ་སྙན་ཕྱོགས་མཐར་ཁྱབ་རུང་ལན་མ་བྱུང། རང་ཉིད་ཀྱི་སློབ་མ་ནང་སོ་དོན་ཡོད་སོགས་ཀྱིས་དྲི་ཚིག་གི་དོན་མ་གོ་བས་དེ་ལ་འགྲེལ་པ་དགོས་ཚུལ་ཞུས་པ་ལྟར་(རང་འགྲེལ་གསེར་གྱི་ཕྲ་ཚོམ་)ཞེས་པ་མཛད་ཀྱང་ཕལ་ཆེར་གྱིས་མ་གོ།

དུས་ཐོག་དེར་གསོ་རིག་འཛིན་པ་དོལ་མདའ་ཉང་ཁང་པ། འཕྱོངས་རྒྱས་རོལ་ཁང་པ། སྡེ་པ་ལྷ་ས་རྫོང་པ་སོགས་ཀྱིས་ལན་ཁ་ཤས་བྱུང་བ་ཐུགས་ལ་མ་འཐད་པར་སླར་ཡང་(རང་ལན་རྒན་པོའི་ཁ་ཆེམས་མཚན་མོ་མུན་ནག་གི་གློག་འོད་ལྟ་བུ།)ཞེས་པ་མཛད་དགོས་བྱུང་། ལྷག་པར་རང་ཉིད་ཀྱིས་དཔྱད་པས་དག་པའི་(གྲྭ་ཐང་རྒྱུད་བཞི་)ཞེས་པ་ཡར་རྒྱབ་པས་སྦྱིན་བདག་མཛད་དེ་པར་དུ་བརྐོས་པ་དང་།  དེ་མིན་(དྲང་སྲོང་མཉམ་ཉིད་རྡོ་རྗེའི་རྣམ་ཐར་འགོག་པ་མེད་པ་ཡི་གེའི་གཏམ་ཆེན་པོ)། (རྣམ་ཐར་གསོལ་འདེབས་དད་པའི་རོལ་མཚོ་གསར་པ་) (དྲང་སྲོང་རྣམ་གཉིས་ལ་ཐུགས་རྗེ་བསྐུལ་བ་མྱ་ངན་གདུང་སེལ་) (བྱེ་བ་རིང་བསྲེལ་གྱི་དཀར་ཆག་མཁས་པའི་ཡིད་འཕྲོག )དེའི་ལྷན་ཐབས་ (དད་ལྡན་སྙིམ་པའི་མེ་ཏོག)དང་། (བྱང་པའི་བཀའ་སྒྲུབ་ཀྱི་ལན་དཀར་པོ་ཆིག་ཐུབ་བམ་དབང་པོའི་ལག་ཉལ་)(རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ།)(སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེའུ་མིག་)དྷརྨ་སྭ་མི་རྡོ་རྗེ་ཕ་ལམ་ལ་མིག་ཕུག་པ་ལྟར་མཛད་པར་སླར་སྲད་བུ་བརྒྱུས་པ་དང་མཚུངས། གོང་སྨན་དཀོན་མཆོག་འཕན་དར་ལ་(དྲི་བ་ཙུ་ཏའི་འཁྲི་ཤིང་) རྣམ་འཚོ་བྱེད་ཀུན་ལེགས་པར་(དྲི་བ་བློ་གསལ་འཇུག་ངོགས་)དང་(དྲིས་ལན་ལེགས་བཤད་སྐྱུགས་པ་)(ཟླ་ཐིག་ཉིན་བྱེད་འོད་མཚོ་) (དབྱར་སྐྱེས་རྔ་གསང་།)(ག་བུར་གུར་གུམ་ཨ་གར་ཙན་དན་སོགས་ཀྱི་སྐྱོན་སེལ་འགའ་ཞིག) (རྒྱུད་བཞི་པར་བཀོད་མཇུག་རྩོམ་གྱི་སྐྱོན་སེལ་)(ཆུ་སྐོལ་གྱི་རྣམ་བཤད་)(འཕན་ཡུལ་གྱི་སྨན་པ་རླུང་ཁམས་ལངས་པའི་དྲིས་ལན་དབྱར་ཉིའི་ཞུན་ཐིགས)(མ་ནུའི་དྲིས་ལན་)(ཤེས་བྱ་སྤྱིའི་ཁོག་འབུགས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེ་བ་)སོགས་གསོ་དཔྱད་སྐོར་ལ་བརྩམ་ཆོས་ཧ་ཅང་མང་། སྙན་ངག་དང་མཚན་ཉིད་སྐོར་སྨོན་གྲུབ་ལོ་ཙཱ་བའམ་སྐྱོགས་ལོ་རིན་ཆེན་བཀྲ་ཤིས་ཞེས་པའི་སར་གསན་པ་དང་། ཀརྨ་པའི་ཆོས་གྲ་ལེགས་བཤད་གླིང་དུ་མཚན་ཉིད་ལ་སྦྱངས་བརྩོན་མཛད་པ་བཅས་ཀྱིས་མཁྱེན་རྒྱ་ཤིན་ཏུ་ཆེ།

ཉིད་ཀྱི་གསུང་ལས། རིག་གནས་བཅུ་ཕྲག་གཅིག་ལ་སྦྱངས་པའི་མཐུས། །མཁས་པའི་བྱ་བ་འཆད་རྩོད་རྩོམ་པ་གསུམ། །མཁས་པ་མང་པོ་ཚོགས་པའི་མདུན་སར་ཡང་། །མཁས་རྣམས་ཁྲེལ་བའི་གཏམ་ནི་སྨྲ་མ་མྱོང་། །ཞེས་མཁས་པའི་གོ་འཕང་ཐོབ་པ་ལ་ངོ་གནོང་མི་དགོས་པའི་བཀའ་མོལ་གསུངས་པ་ནི་དོན་དུ་གནས། འོན་ཀྱང་སྡེ་སྲིད་རིན་པོ་ཆེས་སྐབས་རེ་ཟུར་མཁར་བློ་གྲོས་རྒྱལ་པོ་ལྟ་བུའི་མཁས་དབང་ཞེས་བསྔགས་བརྗོད་དང་། སྐབས་རེ་རིག་གནས་གཞན་ལ་ཧོལ་ཙམ་སྦྱངས་པའི་སྐད་གཡུ་འབྲུག་སྔོན་མོ་ལས་གསོ་དཔྱད་ལ་ཟུར་མཁར་གོང་མའི་ཤུལ་ཟིན་ལྟ་ཞོག །སྐྱེམ་པ་ཚེ་དབང་ཙམ་ཡང་མ་བྱུང་བར་མངོན་ཞེས་ཅུང་ཟད་ཟུར་ཟ་མཛད་པ་ནི་དགོས་དབང་ཡོད་པ་གཞིར་བཅས། མཁས་པ་མཁས་པའི་ནང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ །ཞེས་པ་ལྟར་རང་ངོས་ནས་འདི་དང་འདི་ཞེས་བརྗོད་པ་རོ་འཛིན་གྱི་ཡུལ་ལས་འགོངས་སོ།།

ཟུར་མཁར་བ་ཁོང་ནི་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་གསོ་བ་རིག་པ་ལ་གཞན་དྲིང་མི་འཇོག་པའི་མཁྱེན་དཔྱོད་ཀྱི་གཤོག་རླབས་ཡངས་ཤིང་རྒྱ་ཆེ་ལ་གསོ་རིག་སྨྲ་བ་ཀུན་གྱི་གྲས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་མཁས་པ་ཉག་གཅིག་པོ་དེ་ཡིན་ཞེས་གླེང་ཆོག་ཅིང་། དམ་པ་ཁོང་གིས་བོད་ཀྱི་གསོ་བ་རིག་པ་ལ་བཞག་པའི་ལག་རྗེས་ཀྱི་སྤམ་མཐོ་ཞིང་། ལྷག་པར་དུ་ཀུན་གྱིས་འགྲན་བཟོད་པར་མི་ནུས་པ་ནི་སྤྱི་ལོ་༡༥༦༦ནས་༡༥༧༣ བར་རྗེ་གཡུ་ཐོག་པས་མཛད་པའི་ཡིག་ཆ་རྩད་གཅོད་གནང་ཆེད་གཙང་ཉང་སྨད་ཕྱོགས་སུ་ཆེད་ཕེབས་ཀྱིས་གཡུ་ཐོག་ཕྱག་བྲིས་མའི་རྒྱུད་བཞི་གསེར་མཆན་སོགས་གནའ་རབས་ཀྱི་ཚད་ལྡན་ཡིག་ཆ་རྣམས་ལ་ཁུངས་བཅོལ་ནས་རྒྱུད་བཞི་ལ་ཞུས་དག་མཛད་ཅིང་། སྡེ་བ་ཡར་རྒྱབ་པ་སྦྱིན་བདག་ཏུ་བསྐུལ་ནས་པར་དུ་བརྐོས་པའི་གྲྭ་ཐང་པར་མ་ཞེས་རྒྱུད་བཞིའི་པར་སྔ་ཤོས་སུ་གྱུར་བ་དེ་མཛད་གནང་བ་དང་། དེ་ལ་བརྟེན་ནས་བོད་ཀྱི་གསོ་རིག་གི་རྩ་བའི་རྨང་བརྟན་པོར་བསྐྲུན་ཅིང་། དེ་ལས་གྱེས་པའི་གསོ་རིག་ཡལ་ག་ཕྱོགས་མཐར་ཁྱབ་ནས་ད་ལྟ་ང་ཚོས་མིག་གི་ལོངས་སུ་སྤྱོད་རྒྱུ་ཡོད་པའི་རྒྱུད་བཞི་དེ་དག་ཀྱང་པར་གཞི་འདི་ལ་བརྟེན་ནས་བྱུང་བ་དང་། དེ་བཞིན་དུ་ད་དུང་དམ་པ་ཁོང་གིས་རྒྱུད་བཞི་ལ་ཞིབ་འགྲེལ་གྱི་རྣམ་བཤད་ཁྱད་དུ་འཕགས་པ་མེས་པོའི་ཞལ་ལུང་ཞེས་པ་ཞིག་སྐབས་དེའི་དགོས་མཁོ་དང་མ་འོངས་པའི་གདུལ་བྱའི་སླད་དུ་གསར་བརྩམས་གནང་ཡང་། འགྲོ་བ་སྤྱི་དང་ཁྱད་པར་དུ་བོད་མི་རིགས་ཀྱི་སྤྱི་མཐུན་བསོད་ནམས་ཀྱིས་མ་འཆུན་པས་ཚུར་མཐོང་སྣང་ངོ་ལ་དགུང་གྲངས་དྲུག་ཅུ་རེ་གསུམ་ཐོག་གཟའ་གྲིབ་ཀྱི་སྙུང་གཞིས་བཏབ་ནས་བསྟན་བཅོས་འབྲི་རྩོམ་གནང་བའི་སྐལ་བ་ཟད་པ་ནི། དམ་པ་ཁོང་གིས་འདི་ལྟར་གསུང་འདུག་སྟེ། (དེ་ལྟར་བཤད་པའི་སྦྱོར་བ་སྨན་གནས་ཀྱི་ལེའུ་ཉི་ཤུ་པ་སོགས་སྨན་མིང་རྒྱས་པ་ཟུར་དུ་བཀོད་པའམ། ཡང་ན་འདི་ཉིད་ལ་རྒྱས་པར་བཤད་པ་གཅིག་བྱེད་བསམས་ཀྱང་ད་ལྟའི་བར་དུ་འཕྲོ་ལ་ལུས་པ་འདི་ཉིད་དེ་གར་བཞག་ན་མི་ལེགས་པར་མཐོང་ནས་རང་ལོ་དྲུག་ཅུ་རེ་གསུམ་པ་ལ་སྟེང་གྲིབ་ཀྱིས་ཤིན་ཏུ་ཁམས་མ་བདེ་ཡང་སྤང་སའི་དབོན་པོ་རིན་ཅེན་ཆོས་དབང་གིས་ཡི་གེ་བ་བྱས་ཏེ་ཅི་ནུས་ཀྱིས་བྲིས་པ་ཡིན་ཞིང༌། བར་སྐབས་སུ་དབུས་སུ་སྡོད་རིང་བརྩམས་པའི་སྨན་མིང་ཤིན་ཏུ་རྒྱས་པ་ཞིག་ཕྱེད་ཙམ་གྲུབ་ཡོད་པས་དེ་ཙམ་གྱིས་ཀྱང་ཕན་ཐོགས་ཆེ་བར་ཡོང་བ་ཡོད་པས་ལེགས་པར་རྟོགས་ཤིག །)ཅེས་གསུངས་འདུག་པ་དང་མེས་ཞལ་གྱི་རྩ་རྒྱུད་སོགས་ལ་བལྟས་ན་མགོ་སྟོད་དུ་རྒྱུད་བཞི་གར་འགྲེལ་བ་རྩོམ་རྩིས་ཡོད་པ་དང་། དེ་བཞིན་རྩ་བཤད་གཉིས་གྲུབ་མཚམས་ནི་སྤྱི་ལོ་༡༥༤༥ལོའི་བོད་ཟླ་བཞི་བའི་ནང་ཡིན་པར་མེས་ཞལ་མཇུག་ཏུ་འདི་ལྟར་བསྟན་འདུག (ཅེས་བྱ་བའི་ཚུལ་འདི་ནི་དཔལ་ལྡན་བླ་མ་དམ་པ་རིགས་བདག་ཧེ་རུ་ཀ་ཉིད་ཀྱི་གསུང་གི་གནང་བ་ནོད་ཅིང༌། རིགས་སུ་མ་ཆད་པའི་རིག་པ་ཉེ་བར་བསྒྲུབས་པས་གང་འཆད་བྱའི་ཚིག་དོན་དཔྱིས་ཕྱིན་བདེ་བླག་ཏུ་རྟོགས་བཞིན་དུ་འཆད་རྩོད་རྩོམ་པའི་བྱ་བ་ལ་འཇུག་པ། ཡུལ་མཐའ་འཁོབ་ལས་ཀྱང་ཆེས་མཐའ་འཁོབ་ཏུ་གྱུར་པ་ཤར་དྭགས་པོའི་སྨད་ཀྱི་སའི་ཐིག་ལེ་ལ་ཐོག་ཟུར་མཁར་ཞེས་བྱ་བར་བྱུང་བ། མང་དུ་ཐོས་པའི་ཨ་བོ་ཆོས་རྗེ་གཉིས་པ་ལེགས་བཤད་འཚོལ་ཞེས་བྱ་བའམ། མིང་གཞན་དཔལ་དོན་འགྲུབ་རྣམ་རྒྱལ་དབང་པོའི་སྡེ་འཇིགས་པ་མེད་པ་ཕྱོགས་ཀྱི་གོ་ཆ་ཞེས་བྱ་བས་རང་ལོ་སུམ་ཅུ་རྩ་བདུན་པ་སྣ་ཚོགས་དབྱིག་ཅེས་ཤིང་མོ་སྦྲུལ་ལོའི་ཧོར་ཟླ་བཞི་པ་ས་གའི་ཟླ་བ་སྟེ་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་བཟང་པོ་ལ། བསྟན་མ་བཅུ་གཉིས་ལས་སྨན་མོ་བཞིའི་ཡ་གྱལ་སྨན་གཅིག་ཕུར་མོ་ཐང་གནས་པའི་མགུལ། རྣམ་པ་ལྷུན་གྲུབ་རྩེའི་ཉེ་ལོགས་དབེན་ཞིང་ཡིད་དང་བའི་སྨན་ལྗོངས་སུ་གྲུབ་པར་བགྱིས་པའི་འདོད་དགུ་སྦྱིན་པ་པོ་ནི་གཙུག་ལག་གཉིས་ཀ་ལ་གཞན་དྲིང་མི་འཇོག་པའི་ས་སྐྱོང་རྒྱལ་བའི་དབང་པོ་རྡོ་རྗེ་གྲགས་པ་ཕྱི་ནང་གི་བློན་པོ་དང་བཅས་པ་རྣམས་ཀྱིས་མཛད་པ་དགེ་ལེགས་སུ་གྱུར་ཅིག །)ཅེས་གསལ་འདུག་པ་ལ་བལྟས་ན་རྩ་བཤད་གཉིས་གྲུབ་མཚམས་སུ་པར་བཀོད་ཀྱང་བྱས་ཡོད་པར་སྣང་བ་དང་། དེ་ནས་རྒྱུད་ཕྱི་མ་མན་རྒྱུད་དང་ཕྱི་རྒྱུད་གཉིས་ཀ་རྐྱེན་དབང་གང་ཞིག་གིས་གནོད་ཐེབས་བྱུང་བ་མ་ངེས་ཀྱང་གང་ལྟར་སྐུ་ཉིད་དགུང་གྲངས་དྲུག་ཅུ་རེ་གསུམ་བར་དུ་ལུས་ཡོད་པ་གསལ་བོར་ཤེས་ཐུབ། དེ་བཞིན་དུ་མེས་ཞལ་གྱི་རྩ་བཤད་གཉིས་ལ་སླར་ཡང་དགུང་གྲངས་དྲུག་ཅུ་རེ་གསུམ་ཐོག་བཅོས་བསྒྲིགས་མཛད་གནང་བ་ནི་གོང་དུ་དྲངས་པའི་ལུང་ཚིག་དེ་ན་གསལ་འདུག་པས་ཞིབ་འབྲི་མ་དགོས། དུས་དེ་ཙ་ན་ཟུར་མཁར་བ་ཁོང་ལ་སྙུང་གཞི་ཕོགས་པ་དང་སྐུ་ན་སྨིན་པའི་རྐྱེན་གྱིས་ནད་ཁམས་དང་ལུས་བབ་ལ་བསྟུན་ནས་སྔར་གྱི་དམ་བཅའ་ལས་མན་རྒྱུད་རྒྱ་ཆེ་ཞིང་ལེའུ་མང་བས་དོར་ནས་ཕྱི་རྒྱུད་ཆ་ཚང་ཞིག་ཞིབ་འགྲེལ་གནང་རྒྱུའི་ཐུགས་དགོངས་བཞེས་པ་ནི་ཕྱི་རྒྱུད་ཀྱི་ལེའུ་དང་པོའི་ནང་(ཞེས་རྩོམ་པའི་སྒོ་ཕྱེ་ནས་ལས་སུ་བྱ་བ་ནི། བོད་གངས་རིའི་ལྗོངས་ཀྱི་འགྲོ་བ་མིའི་ལུས་ཅན་རྣམས་ཀྱི་སྲོག་འཚོ་བའི་གཞུང་ལུགས་རྣམས་ཀྱི་ནང་ནས་མཆོག་གཙོ་བོ་ཕུལ་དུ་གྱུར་པ་ནི་རྒྱུད་བཞིར་གྲགས་པ་འདི་ཉིད་ཡིན་ལ། དེའི་ནང་ནས་ཀྱང་བློ་གྲོས་ཀྱི་རྩལ་ཞན་པའི་སྨན་པ་དག་གི་ངོར། ལག་ལེན་གྱི་རིམ་པ་རྣམས་ལེའུའི་གོ་རིམ་དང་མཐུན་པར་ཚང་ལ་མ་འདྲེས་པར་གསལ་བར་སྟོན་པའི་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་འདི་ཉིད་དེང་སང་གི་དུས་ན་བློ་རབ་འབྲིང་ཐམས་ཅད་ཀྱིས་ཀྱང་ཐོག་མ་ཉིད་ནས་འཇུག་པའི་སྒོར་བྱེད་པ། གཞུང་འདི་ཁོ་ན་ཙམ་ལ་བརྟེན་ནས། རང་གཞན་གྱི་དོན་སྒྲུབ་པར་བྱེད་པ་དག་ཀྱང་ཡོད་པས། དེ་རྣམས་ལ་ཕན་པའི་འདུན་པ་དང་འདི་དག་གི་ཚིག་དོན་འགྲེལ་བར་འདོད་པ་ལ།)ཤིན་ཏུ་གསལ་འདུག་ཀྱང་། མཐར་སྙུང་འགོ་ཚུགས་ནས་ལོ་ཤས་ལས་མ་སོང་བར་སྐུ་གཟུགས་ཀྱིས་མ་ལྕོགས་པར་མེས་པོའི་ཞལ་ལུང་རྩོམ་འཕྲོར་ལུས་ཏེ་གཟུགས་སྐུའི་བཀོད་པ་བསྡུ་དགོས་བྱུང་བའི་གནས་བབ་ནི་རྣ་བར་གོ་བ་ཙམ་གྱིས་ལུས་ཀྱི་སྐྱི་གཡའ་ཞིང་ཡིད་ཕངས་ཤིང་སེམས་སྐྱོ་ལ་ཁ་གསབ་ཐབས་མེད་པའི་འཇིག་རྟེན་འདིའི་སྟེང་གི་གོད་ཆག་ཆེ་ཤོས་ལས་ཀྱང་ཆེ་ཤོས་ཤིག་ལས་གཞན་དུ་ངོས་འཛིན་ཅི།

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་མཆོག་ནི་རབ་བྱུང་བཅུ་གཅིག་པའི་ས་སྟག་(ཕྱི་ལོ་༡༦༣༨)ལོར་ལྷོ་ཁ་ཡར་ཀླུང་ཤར་གྱི་ཆ་ཤམ་པོ་གངས་ཀྱི་ཉེ་ལོགས་གཉན་པ་སའི་གྲོང་ཁྱེར་དར་མོ་ཞེས་པར་རྒྱལ་མོ་གཡུ་སྒྲ་སྙིང་པོའི་རིགས་སུ་སྐུ་བལྟམས། ཐོག་མར་སྐྱིད་ཚལ་ཀླུ་སྦུག་གླིང་དུ་བཞུགས་ཤིང་རྗེས་སུ་འབྲས་སྤུངས་ཕོ་བྲང་ནུབ་མར་གསོ་རིག་འགྲོ་ཕན་གླིང་གི་ཐོ་བཙུན་གྱི་གྲས་སུ་ཚུད། རྗེ་དེ་ཉིད་ཀྱི་གསུང་ལས། བརྩེ་བའི་བདུད་རྩི་ལུགས་མཛད་ཆོས་ཀྱི་རྗེ། །བློ་བཟང་རྒྱ་མཚོ་དྲང་སྲོང་དར་རྒྱས་སོགས། །བཞི་བཅུ་རྩ་གཅིག་གྲངས་ལྡན་བླ་མའི་ཚོགས། །ཞེས་གསུངས་པ་བཞིན་ཉི་ཐང་སྤྲུལ་སྐུ་བློ་བཟང་རྒྱ་མཚོ་དང་། དྲང་སྲོང་བསྟན་འཛིན་དར་རྒྱས། གླིང་སྟོད་ཆོས་རྗེ་སོགས་སྔ་ཕྱིར་རྒྱ་བོད་སློབ་དཔོན་བཅུ་ཕྲག་བཞི་ཙམ་གྱི་ཞབས་ལ་གཏུགས་ནས་གསན་བསམ་མཛད་དེ་གསོ་བ་རིག་པའི་ལག་ལེན་མན་ངག་དགོངས་དོན་དཔྱིས་ཕྱིན་པར་ཐུགས་ལ་ཆུབ་པས་སྨན་རམས་པའི་མཚན་སྙན་ཐོབ། དེ་ནས་ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་སྨན་གྱི་སློབ་གྲྭའི་སློབ་དཔོན་དང་རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐུའི་བླ་སྨན་དུ་དབང་བསྐུར་མཛད། 

          རྒྱལ་དབང་ལྔ་པ་ཆེན་པོའི་ཞལ་སྔ་ནས་བརྒྱད་པའི་སྙིང་པོ་བསྡུས་པ་སོགས་གཞུང་ཆེ་ཆུང་དུ་མའི་དབང་ལུང་མན་ངག་ཐོབ་ཅིང་རང་གི་བུ་སློབ་རྣམས་ལའང་སྤེལ་བར་མཛད། ཁྱད་པར་དུ་འཕགས་ཡུལ་གྱི་སྨན་པ་རྨ་ན་ཧོ་ལས་མིག་བཅོས་གདམས་ངག་བླངས་ཏེ་དུས་ཕྱིས་རྒྱལ་དབང་ལྔ་པ་ཆེན་པོའི་སྤྱན་གྱི་འགྲིབ་སྨིན་པ་གཤགས་བཅོས་ཀྱིས་ལེགས་པར་བསལ་བ་དང་། བཤད་རྒྱུད་དུ་རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུའི་སྐོར་དཔྱད་པ་གནང་ཆེད་ཀླུ་སྦུག་གླིང་ཁའི་ནང་ཕོ་མོ་བཞིའི་ཕུང་པོ་ལ་གཤགས་ལས་མཛད་དེ་རུས་པ་རེ་རེ་བཞིན་གཏན་ལ་ཕབ་པ་སོགས་རྨད་བྱུང་གི་མཛད་པ་བསྐྱངས།

          མཁས་པའི་བྱ་བ་རྣམ་གསུམ་ལས་བརྩམས་པའི་གཞུང་ནི་བཤད་རྒྱུད་སྡོང་འགྲེམས་ལེགས་བཤད་གསེར་གྱི་ཐུར་མ། དེ་ལས་རྒྱས་པ་བཤད་རྒྱུད་ཀྱི་སྡོང་འགྲེམས་དང་རྩ་ཚིག་ཟུང་འབྲེལ་ཅན། བཤད་རྒྱུད་ནུས་པ་རྐྱང་སེལ་གྱི་འགྲེལ་པ་མེས་པོའི་དགོངས་རྒྱན། མན་རྒྱུད་མེས་པོའི་ཞལ་ལུང་ལེགས་བཤད་གསེར་རྒྱན། རྣམ་གླིང་པཎ་ཆེན་དང་ཟུང་འབྲེལ་གྱིས་མཛད་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཆུ་མདོ་མན་གྱི་འགྲེལ་པ་ཞལ་ལུང་གཉིས་པ་དཀའ་གནད་རྡོ་རྗེའི་མདུད་འགྲོལ། ཕྱི་རྒྱུད་ཀྱི་མཆན་འགྲེལ་དཀའ་ཕྲེང་མུན་སེལ་སྒྲོན་མེ། ལྷན་ཐབས་ཀྱི་གསང་སྨན་ངོས་འཛིན། གདམས་ངག་ལག་ལེན་གྱི་སྙིང་པོ་བསྡུས་པ་མན་ངག་བཀའ་རྒྱ་མ། རིན་ཆེན་གྲང་སྦྱོར་གྱི་གསལ་བྱེད་འཆི་མེད་བདུད་རྩིའི་ཉིང་ཁུ། གཡུ་ཐོག་གསར་མའི་རྣམ་ཐར་སོགས་གསོ་རིག་གཞུང་ཆེ་ཆུང་དུ་མ་ལྗགས་རྩོམ་མཛད་པ་དང་། བློ་ལྡན་གྱི་བུ་སློབ་དྲག་གྲས་སྨན་རམས་པ་བློ་གྲོས་ཆོས་འཕེལ་དང་། མེར་མོ་བ་བློ་གྲོས་འཕེལ། ལ་ར་བ་བློ་བཟང་དོན་ལྡན་སོགས་རྗེས་འཛིན་སློབ་མ་དུ་མར་མི་ཚེ་ཧྲིལ་པོར་རྒྱུད་བཞི་སོགས་གསོ་བ་རིག་པའི་གཞུང་ལུགས་སློབ་འཁྲིད་གནང་།

          མན་ངག་ཟབ་མོ་ཀུན་གྱི་སྙིང་ཁུ་བསྡུས་པ་གདམས་ངག་བཀའ་རྒྱ་མ་འདི་ཉིད་དར་མོ་སྨན་རམས་པ་དགུང་ལོ་ཞེ་གསུམ་ལ་ཕེབས་པ་ལྕགས་བྱའི་(ཕྱི་ལོ་༡༦༨༡)ཁྲུམས་སྟོད་ཟླ་བར་ཕོ་བྲང་པོ་ཏ་ལའི་སྨན་ཤག་བསམ་གྲུབ་གླིང་དུ་ལེགས་གྲུབ་མཛད།  སློབ་དཔོན་ཆེན་པོ་འདི་ཉིད་ཀྱི་རང་རྣམ་ཞིབ་གསལ་མཇལ་རྒྱུ་མེད་ཀྱང་། སྐུ་ཚེ་སྨད་ཀྱི་ཆར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ཐུགས་མཐུན་མ་བྱུང་སྟབས་ཀུན་མཁྱེན་འཇམ་དབྱངས་བཞེད་པ་མཉམ་མདོ་སྨད་ཕྱོགས་སུ་ཕེབས་པ་རེད་ཟེར་བ་སོགས་ཀྱི་ཟེར་སྒྲོས་ཡོད་པས་ད་ལྟ་བོད་ཡུལ་མདོ་དབུས་ཁམས་གསུམ་ཙམ་མ་ཟད། སོག་ཡུལ་དུའང་གང་ཉིད་ཀྱི་བརྩམས་གཞུང་ཆེས་མང་པོ་དར་ཁྱབ་དང་སྙན་གྲགས་ཧ་ཅང་ཆེ། སྐུ་ཚེ་ཇི་ཙམ་བཞུགས་པའི་ཡིག་ཆ་ཁུངས་ལྡན་མ་རྙེད་ཀྱང་(བཅུད་ལེན་འཆི་གསོས་བདུད་རྩིའི་ཉིང་ཁུ་འདོད་ལྡན་དགའ་སྐྱེད་མཐོང་བ་འཛུམ་ཤོར་ནོར་བུའི་བང་མཛོད་)ཀྱི་མཇུག་བྱང་དུ་དགུང་ལོ་དོན་གསུམ་ལ་ཕེབས་ཞེས་འཁོད་འདུག་པས་དགུང་ལོ་མཐོ་བོར་བཞུགས་པ་རྟོགས་ཐུབ་བོ།།


རིགས་མཐུན་ནང་དོན།

 

༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

 E-Mail:webmaster@arura.com.cn                                Tel:0971-8201019