ལྷ་ལྡན་སྨན་རྩིས་ཁང་གི་བྱུང་རབས་མདོར་བསྡུས།༣
དུས་ཚོད། 2012-11-22 10:18:26 ཀློག་གྲངས་ཐེངས།1725

སྨན་རྩིས་ཁང་ཚུགས་པའི་མེ་འབྲུག་ལོ་ནས་བཟུང་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་དབུ་འཁྲིད་འོག་རྩིས་དགེ་འཇམ་དཔལ་མཐུ་སྟོབས་ལགས་དང༌། གཞན་ཡང་སྨན་རྩིས་ཁང་གི་རྩིས་པ་ཚོས་ལོ་རེའི་ལོ་ཐོ་ཆ་ཚང་བཏོན་རྒྱུའི་འགོ་ཚུགས། དེ་ནས་བཟུང་ལྷོ་ཁ་སྨིན་གྲོལ་གླིང་གི་རྩིས་པ་དང༌། སྟོད་ལུང་མཚུར་ཕུའི་རྩིས་པ་རྣམས་ཀྱིས་ཀྱང་ལོ་རེར་སྨན་རྩིས་ཁང་ལ་ལོ་ཐོ་ཆ་ཚང་རེ་རྒྱུགས་འབུལ་ཞུ་རྒྱུའི་ལམ་ལུགས་གསར་དུ་བཙུགས། སྨན་རྩིས་ཁང་གི་ལོ་རེའི་ལེ་ཐོའི་སྤར་ཤིང་བཟོ་མཁན་དགོས་ཚེ་བཟོ་ཁང་དོ་དམ་ལ་སྙན་གསེང་ཞུས་རྗེས་རྡོ་ཤིང་སྤྱི་པས་གཞུང་ལས་ཀྱི་ཁོངས་ནས་ཤིང་བཟོ་ཁ་ཤས་གཏོང་རྒྱུ་དང༌། དེ་བཞིན་སྤར་པ་རྣམས་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ནང་ལེ་ཐོ་སྤར་རྒྱག་ལས་ཀར་ཀྲིག་ཅར་གྱིས་ཡོང་རྒྱུའི་གཏན་འབེབས་ཡོད། ལེ་ཐོའི་ཁ་གྲངས་ཐོག་མར་སྟོང་ཕྲག་རེ་གཉིས་ཙམ་ནས་རྗེས་སུ་ལྔ་སྟོང་དང༌། ཆིག་ཁྲི་ཙམ་བར་འཕར་ཏེ་བོད་ཆོལ་ཁ་གསུམ་གྱི་ས་གནས་ཁག་ཡོངས་རྫོགས་དང༌། དེ་མིན་རྒྱ་གར། འབྲུག་ཡུལ། འབྲས་ལྗོངས། ལ་དྭགས་སོགས་ལ་འགྲེམས་སྤེལ་གྱིས་རྩིས་ཀྱི་ཁྱབ་ཁོངས་ཡར་རྒྱས་གོང་འཕེལ་ཇེ་ཆེར་ཕྱིན།

ས་ལུག་སྤྱི་ལོ ༡༩༡༩ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་ཕྱག་སྲོལ་མཛད་པ་ལྟར་སྨན་རྩིས་ཁང་དང་ལྕགས་པོ་རི་གྲྭ་ཚང་གཉིས་ཀྱི་སྨན་སློབ་གྲངས་ལྔ་བཅུ་ལྷག་ཙམ་གྱིས་གཏོར་རྒྱག་གླིང་གའི་ནང་སྒར་རྒྱག་ཐོག་སྐབས་དང་པོའི་ཁྲོག་སྨན་སྨན་ངོ་གཟབ་རྒྱས་ཤིག་བཤར་བ་དང༌། དངོས་གཞི་ཐོན་སྐོར་གྲལ་སྒྲིག་ཉིན་སློབ་དཔོན་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་སྐུ་ངོ་མ་ཕེབས་ནས་ཚན་གྲངས་གཟིགས་བཟོས་སྩལ་བའི་མཛད་སྒོ་བསྐྱངས་གནང་པ་དང༌། དེ་ཉིན་ཚོགས་དམངས་ལ་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་དང་མཛད་སྒོ་ཟབ་རྒྱས་གནང་བའི་མཇུག་ཏུ་ཨང་དང་པོར་གསེར་ཌམ་གཅིག་གིས་གསོལ་རས་བཀའ་དྲིན་བསྐྱངས་ཤིང་སྨན་རྩིས་དགེ་སློབ་རྣམས་དང་མཉམ་དུ་དྲན་རྟེན་སྐུ་པར་སྒྲོན། དེ་དུས་ཁྲོག་སྨན་བཤར་བའི་ཨང་དང་པོ་ནི་རྩེད་ཐང་ལྔ་མཆོད་ཀྱི་སྨན་སློབ་བློ་བཟང་བཀྲ་ཤིས་དང༌། གཉིས་པ་རྩེད་ཐང་དགའ་ལྡན་ཆོས་འཁོར་གྱི་སྨན་སློབ་ངག་དབང་རྒྱལ་མཚན་ཡིན།

ལྕགས་བྱ་སྤྱི་ལོ ༡༩༢༡ལོར་རང་གཞུང་བཀའ་ཤག་གིས་བཀའ་རྒྱ་ཕེབས་དགོངས་ལྟར་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་མཆོག་གིས་བླ་སྨན་ཆུང་བ་མཁྱེན་རབ་ནོར་བུ་མཆོག་ལ་མཐོང་རྒྱུད་ཕྱག་ལེན་དམར་འཁྲིད་ཀྱི་གདམས་པ་དངོས་སུ་གནང་ཆེད། དངུལ་ཆུ་བཙོ་བཀྲུ་ཆེན་མོ་གསར་བསྐྲུན་ཕྱག་བསྟར་གནང༌།

དེ་དུས་ད་དུང་སྨན་སློབ་རྣམས་ལ་ནད་ཐོག་ལག་ལེན་ཐད་མྱོང་གོམས་ཐོན་པའི་ཆེད་དུ་བསླབ་གྲལ་ལྟར་སྨན་དཔེ་ཐོན་པ་མི་གཉིས་ཀྱིས་ཟླ་བ་གཅིག་རིང་སློབ་དཔོན་མཁས་དབང་མཁྱེན་རབ་ནོར་བུའི་སྐུ་དྲུང་དུ་ནད་པ་གཏོང་བར་འགྲོ་དགོས་པ་དང༌། ཞོགས་ལྟར་ནད་པ་གཏོང་རེས་གཉིས་ཀྱིས་སྔོན་ལ་གད་ཕྱིས་གཙང་སྦྲ་སོགས་ལེགས་པར་བྱས་རྗེས་སྨན་གྱི་བྱིན་རླབས་ཕུད་མཆོད་སྐྱོར་རྒྱུ་དང༌། དེ་ནས་སློབ་དཔོན་མཁས་དབང་མཁྱེན་རབ་ནོར་བུའམ་ཐུགས་སྲས་ཐུབ་བསྟན་ལྷུན་འགྲུབ་ཕེབས་རྗེས་ནད་པ་གཏོང་རྒྱུའི་འགོ་ཚུགས། དེའི་རིང་སློབ་དཔོན་གྱིས་རྩ་ཆུ་ན་ལུགས་སོགས་ལ་བརྟག་དཔྱད་དང༌། སྨན་བཅོས་ཇི་ལྟར་གནང་བའི་སྐོར་ལག་ལེན་གྱི་མན་ངག་དངོས་སུ་ཐོབ་པའི་གོ་སྐབས་ཡག་ཤོས་ཤིག་ཡིན་ལ། ཐ་ན་སྨན་ཐུན་ཤོག་ཆག་རྒྱབ་རྒྱུ་ཡན་ཆད་དེ་དུས་སྦྱོང་བརྡར་ཐེབས་ཡོང༌། ཡང་སྐབས་རེ་རང་ཉིད་ནད་པ་གཏོང་རེས་མིན་རུང་སྨན་པ་བགྲེས་པ་དང་མཉམ་དུ་ལྷ་སའི་གླིང་སྐོར་ལམ་གྱི་སྤྲང་སློང་ལ་ནད་སྐོར་རྒྱབ་རྒྱུའི་ལས་ཀ་དང༌། ས་གནས་གཞན་ལ་འགོས་ནད་ཁྱབ་གདལ་སྐབས་སུ་རིམས་ནད་འགོག་བཅོས་བྱེད་པར་ཞིང་འབྲོག་ཁུལ་དུ་འགྲོ་སྐབས་དགེ་རྒན་དང༌། དགེ་ཕྲུག་ཟུང་སྦྲེལ་གྱིས་མངགས་གཏོང་གནང་བ་སོགས་སློབ་ཕྲུག་དག་ལ་གཞུང་དང་ལག་ལེན་ཁ་མི་བྲལ་བའི་ཐབས་ལམ་སྣ་ཚོགས་གནང་སྲོལ་ཡོད་པ་ཡིན་ནོ། །

ཆུ་ཁྱི་སྤྱི་ལོ་ ༡༩༢༢ལོར་ཉེ་རབས་བོད་ཀྱི་གསོ་རིག་བསྟན་པའི་བདག་པོ་སློབ་དཔོན་བཀའ་དྲིན་མཚུངས་མེད་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་བསྙུན་གཞིས་རྐྱེན་པས་ནོར་བུ་གླིང་ཁར་སྐུ་གཤེགས་སོ། །དམ་པ་བཀའ་དྲིན་ཅན་ཁོང་གི་འདས་མཆོད་དགོངས་རྫོགས་ལ་སློབ་དཔོན་མཁྱེན་རབ་ནོར་བུ་གཙོས་པའི་སྨན་རྩིས་ཁང་གི་དགེ་སློབ་ཡོངས་ནས་སྨོན་ལམ་དང་སྟོང་མཆོད་སོགས་མཆོད་སྤྲིན་རྒྱ་ཆེར་མཛད། བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་དམ་པ་གང་གི་རྣམ་ཐར་མདོར་བསྡུས་ཤིག་ཞུས་ན། ཞོལ་བཀྲས་ཁང་གི་ཡབ་མེས་ཀྱི་ཕ་གཞིས་ནི། ལྷོ་ཁ་ཆང་ཁྱིམ་དང་ལྷོད་ལུག་ནམ་མཁའ་དངོས་གཞི་གཉིས་ཡིན་པས་ཆང་ཁྱིམ་པའམ་དངོས་གཞི་བྱམས་པ་ཐུབ་དབང་ཡང་ཟེར། ཁོང་དགུང་ལོ་ཞེ་གཉིས་ཐོག་ལྷོ་བྲག་ཏུ་རྫོང་དཔོན་གྱི་ཕྱག་ལས་གནང་སྐབས་བསྙུན་གཞི་དྲག་པོ་ཞིག་ཕོག་པར་སྨན་བཅོས་བྱས་ནས་སངས་དྲག་ཏུ་སོང་བས་རྐྱེན་བྱས་ཏེ་གསོ་རིག་ལ་སྦྱངས། མེ་བྱ་སྤྱི་ལོ་ ༡༨༩༧ལོར་ྋརྒྱལ་དབང་བཅུ་གསུམ་པ་མཆོག་གིས་མཁན་ཆུང་གི་གོ་གནས་དང་སྐུ་བཅར་བླ་སྨན་བགྲེས་པར་བསྐོ་བཞག་མཛད། ལྕགས་བྱི་སྤྱི་ལོ་ ༡༩༠༠ལོར་ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་ལས་ཚིགས་ཕྱི་མའི་སྡོམ་པ་མནོས། མེ་འབྲུག་སྤྱི་ལོ་ ༡༩༡༦ལོར་ལྷ་ས་སྨན་རྩིས་ཁང་གསར་འཛུགས་ཀྱི་ཇུས་འགོད་དང་ཐུགས་འགན་བཞེས། ས་ལུག་སྤྱི་ལོ་ ༡༩༡༩ལོར་བཀའ་ཤག་གིས་བཀའ་སྩལ་བ་ལྟར་རིན་ཆེན་མང་སྦྱོར་དང༌། དབང་རིལ་ཟླ་ཤེལ་སོགས་གསར་བཟོ་དང་སྐུ་དངོས་ནས་བླ་སྨན་མཁྱེན་རབ་ནོར་བུ་མཆོག་ལ་ཞལ་ཁྲིད་ཀྱི་ལག་ལེན་གནང་ཆེད་དངུལ་ཆུ་བཙོ་བཀྲུ་རྒྱས་པ་ཕྱག་བསྟར་གནང༌། ལྕགས་བྱ་སྤྱི་ལོ་ ༡༩༢༡ལོར་སླར་ཡང་སྐུ་སྒེར་གྱིས་བཙོ་བཀྲུ་ཆེན་མོ་ཕྱག་ལེན་བསྟར་བ་སོགས་སྨན་དཔྱད་ཀྱི་གཞུང་ལུགས་ལག་ལེན་ཀུན་ལ་མཁས་ཤིང་གྲུབ་པའི་མངའ་བརྙེས་པ་མ་ཟད། ལྕགས་རི་འགྲོ་ཕན་གླིང་གྲྭ་ཚང་འཛིན་སྐྱོང་དང༌། ཕྱིས་སུ་སྨན་རྩིས་ཁང་གསར་འཛུགས་སོགས་ཀྱི་དོན་ལ་ཐུགས་ཁུར་ཚད་མེད་བཞེས་པས་མཚོན་སྨན་རྩིས་གཉིས་གཙོས་པའི་རིག་གཞུང་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ལས་དོན་ལ་ཕན་པའི་མཛད་པ་མཐར་ཕྱིན་ཤིང་བཀའ་དྲིན་བླ་ན་མེད་པ་བསྐྱངས་ཡོད་དོ། །

ཆུ་ཕག་སྤྱི་ལོ་ ༡༩༢༣ལོར་ཐེངས་གཉིས་པའི་ཁྲོག་སྨན་སྨན་ངོ་བཤར་སྐབས་ལྕགས་རི་གྲྭ་ཚང་གི་སྨན་གྲྭ་སུམ་ཅུ་སོ་ལྔ་དང་སྨན་རྩིས་ཁང་གི་སྨན་སློབ་མི་གྲངས་བཞི་བཅུ་ཞེ་ལྔ་བཅས་བསྡོམས་པས་སྨན་པ་བརྒྱད་ཅུ་ཙམ་གྱིས་ལྕགས་རི་རིག་བྱེད་གླིང་གི་ཆབ་གཞུག་གི་དུས་དང་བསྟུན་ནས་ཁྲོག་སྨན་འཁྲུངས་དཔེ་ཡིད་བཞིན་འདོད་འཇོའི་བུམ་བཟང་གཞིར་བཟུང་གཏོར་རྒྱག་གླིང་གའི་ནང་སྒར་རྒྱག་སོགས་སྔར་སྲོལ་བཞིན་བསྐྱངས། ལྕགས་རི་འགྲོ་ཕན་གླིང་གི་སྨན་གྲྭ་འགའ་སྨན་སློབ་ཡོངས་ཀྱི་ཡང་རྩེར་སླེབས་པས་ཐིག་རྩིས་ཀུར་རྩིས་རྒྱག་སྐབས་སྨན་རྩིས་ཁང་གི་སློབ་མ་རྗེས་སུ་ལུས་ཏེ་བོང་བུ་ནག་པོ་སོགས་ལས་ཚན་མང་པོ་བྱེད་དགོས་སྟབས་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་ལ་ཉེ་རིང་དང་ཕྱོགས་ལྷུང་གི་འདུ་ཤེས་ཞེས་པ་དྲི་མ་ཙམ་ཡང་མ་མཆིས་མོད། སྨན་དགེ་འགས་བྱ་བ་དྲང་བདེན་མ་བྱས་པར་ཕྱོགས་ཞེན་དང་མཁྲེགས་འཛིན་བྱས་པར་བརྟེན་ཡང་བསྐྱར་འགྱུར་ལྡོག་གནང་སྟེ་ལྕགས་པོ་རི་དང༌། སྨན་རྩིས་ཁང་གཉིས་ཁག་བགོས་ཀྱིས་གཡས་གྲལ་ལྕགས་པོ་རི་དང༌། གཡོན་གྲལ་སྨན་རྩིས་ཁང་བྱས་ནས་ཐོན་སྐོར་གྲལ་སྒྲིག་ཚན་གྲངས་སོ་སོར་གཞིགས་ཏེ་གསོལ་རས་སྩལ། དེ་ཉིན་སྐུ་མགྲོན་གྲས་སུ་བཤད་གྲྭ་རྩིས་དཔོན་དང་རྩིས་དཔོན་ལུང་ཤར། ཛ་སག་ཚ་རོང་སོགས་ཕེབས་ཡོད། གོང་ཞུས་གནད་དོན་དེའི་རྐྱེན་པས་ལྕགས་རིའི་དགེ་རྒན་ཆེན་མོ་གཅིག་དང་སྨན་སློབ་ཉི་ཤུ་ལྷག་གསང་སྟབས་ཀྱིས་འབྲས་ལྗོངས་དང༌། བལ་ཡུལ། མདོ་སྨད་ཁུལ་བཅས་ལ་ཡུལ་བྱོལ་དུ་འཁྱམས། དེ་ནས་སྨན་གྲྭ་འགས་རང་གཞུང་བཀའ་ཤག་ལ་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་ད་རེས་ཁྲོག་སྨན་བཤར་སྐབས་དྲང་བཞག་དང་བདེན་རྫུན་གྱི་དབྱེ་བ་གང་ཡང་མེད་པར་ཐབས་སྐྱོ་ཡིད་སྡུག་གི་གནས་ཚུལ་འདི་དང་འདི་བྱས་པ་རེད་ཅེས་ཞུ་ཡིག་ཐེངས་མང་ཕུལ་བའི་ནང་དོན་སྙིང་པོ་ནི། གལ་ཏེ་རང་གཞུང་ནས་བློ་གཟུ་བོར་གནས་པའི་རྟོག་དཔྱོད་སྔོན་དུ་བཏང་ནས་དོན་རྩར་བདེན་དོན་རྣལ་མ་ཞིག་མ་གནང་པར་དགྲ་འདུལ་གཉེན་སྐྱོང་དང་ཆགས་སྡང་དགེ་སྡིག་གི་བྱེད་སྤྱོད་མར་མེ་གསལ་ལ་མི་གསལ་བཞིན་བཞག་ན་ལྕགས་རི་རིག་བྱེད་གླིང་གི་སྨན་གྲྭ་གནས་ཆགས་དཀའ་བའི་སྐོར་ཞུས། ཡེ་ཤེས་ཀྱི་ཉི་མ་འབུམ་ཕྲག་གཅིག་ཏུ་བསྒྲིལ་བའི་༧གོང་ས་བཅུ་གསུམ་པ་ཆེན་པོས་ཞལ་སྔ་ནས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་སྨན་རྩིས་ཁང་གི་འགན་འཛིན་གནང་རྒྱུ་ལས་ལྕགས་རི་རིག་བྱེད་གླིང་དང་སྨན་རྩིས་ཁང་གཉིས་ཀྱི་འགན་གཅིག་ལྕོགས་བཞེས་མི་དགོས་པའི་བཀའ་ཕབ། བླ་སྨན་ཨོ་རྒྱན་བསྟན་འཛིན་མཆོག་ལ་བདག་རྐྱེན་དང་བཅས་ལྕགས་རི་རིག་བྱེད་གླིང་གྲྭ་ཚང་གི་འགན་འཛིན་དུ་བསྐོ་བཞག་མཛད། དེ་ནས་དུས་ཡུན་ཅུང་མ་འགོར་བར་དེ་སྔོན་ནས་བཟུང་བོད་རྒྱལ་ཁབ་ཀྱི་རྫོང་གཞིས་ཁག་ལ་སྨན་རྩིས་ཁང་ནས་བྱིས་པ་ཉེར་སྤྱོད་དང༌། སྐྱེས་སྐར་ཚེ་རྩིས་བརྒྱབ་པའི་བྱ་བར་གྲུབ་འབྲས་ངེས་ཅན་ཞིག་བྱུང་རུང་རྗེས་སུ་རྫོང་གཞིས་ཁ་ཤས་ཀྱིས་ལས་ཀ་དེ་དག་རྙོག་དྲ་དང༌། མི་སེར་ལ་དོ་ཕོག་ལྟ་བུར་བསྙད་འདོགས་ཀྱིས་རྒྱབ་བཤད་བྱས་པའི་སྟེང་སློབ་དཔོན་བཀའ་དྲིན་ཅན་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་མཆོག་སྐུ་གཤེགས་པ་སོགས་ཀྱིས་རྐྱེན་པས་བྱིས་པ་ཉེར་སྤྱོད་དང་སྐྱེས་སྐར་ཚེ་རྩིས་བརྩི་རྒྱུའི་ལས་སྒོ་དེ་དར་སྤེལ་གཏོང་མ་ཐུབ་པར་རེ་ཞིག་ཇེ་ཉུང་དུ་གྱུར།

ཤིང་བྱི་སྤྱི་ལོ་ ༡༩༢༤ལོར་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་སྨན་རྩིས་གཉིས་ཀྱིས་གཙོས་པའི་རིག་གནས་མཐའ་དག་རྒྱུད་འཛིན་གོང་འཕེལ་གཏོང་རྒྱུ་དེ་སྨན་རྩིས་ཁང་གི་ལྟེ་བའི་ལས་འགན་ཞིག་ཏུ་གཟིགས་ནས་སྨན་རྩིས་ཀྱི་གཞུང་དང༌། མན་ངག་ལག་ལེན་སྐོར་སོགས་མྱོང་འཁྲིད་གནང་རྒྱུར་ཐུགས་འཁུར་སྔར་ལས་ཆེ་བ་གནང་པར་མ་ཟད། ཞོར་དུ་སྨན་རྩིས་ཤེས་བྱའི་སྐོར་རྩོམ་སྒྲིག་གནང་རྒྱུ་ལས་འཁུར་བཞེས་པས་ལོ་དེ་རང་ལ་རྒྱུད་བཞིའི་ས་བཅད་སྟག་མོའི་རྔམ་ཐབས་དང༌། ནད་མིང་ཚིགས་སུ་བཅད་པ་རིན་ཆེན་ཕྲེང་བ། ཕྱི་མ་རྒྱུད་ཀྱི་སྤྱི་དོན་སྡོམ་ཚིག་གཞུང་དོན་སྒོ་བརྒྱ་འབྱེད་པའི་ལྡེ་མིག གངས་ཅན་སྨན་པའི་གྲོང་ཁྱེར་ལྕགས་རི་བཻཌཱུར་འགྲོ་ཕན་རིག་བྱེད་གླིང་གི་ཁྲོག་སྨན་འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་། ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས། བྱིས་པ་བཙའ་ཐབས་ཀུན་ཕན་ཟླ་བའི་མེ་ལོང་། བྱིས་པའི་ནད་རིགས་མ་ལུས་བཅོས་པའི་ཉམས་ཡིག་སོགས་སྨན་དཔེ་ཁག་བདུན་ཙམ་རྩོམ་འབྲི་དང་དཔར་སྐྲུན་ཐུབ་པ་དེས་ལྕགས་རི་གྲྭ་ཚང་གི་བློ་གསར་གཞོན་ནུ་རྣམས་དང༌། རྒྱ་ཁྱབ་རྫོང་གཞིས་ཁག་ནས་ཕེབས་པའི་སྨན་རྩིས་ཁང་གི་སྨན་སློབ་ཡོངས་ཀྱིས་གསོ་རིག་གཞུང་འགྲེལ་མང་པོའི་དགོངས་དོན་བདེ་བླག་ཏུ་རྟོགས་པར་ཕན་པ་ཆེས་ཆེར་བྱུང་བར་མ་ཟད། རྗེས་སུ་སྨན་རྩིས་ཁང་གི་སྨན་གཞུང་སློབ་འཁྲིད་ཁ་སྐོང་གི་ཡིག་ཆ་ཆོས་སྤྱོད་ཅེས་པ་ཚང་མས་བློ་འཛིན་གྱིས་རྒྱུགས་སྤྲོད་བྱེད་རྒྱུའི་གཏན་འབེབས་ཀྱང་གནང་ཡོད།

ཤིང་གླང་སྤྱི་ལོ་ ༡༩༢༥ལོ། གནས་ཚུལ་དང་དགོས་དབང་ལྟ་བུས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་ཕྱིན་ཆད་སྨན་རྩིས་ཁང་གི་འགོ་འཛིན་གནང་རྒྱུ་ལས་ལྕགས་རི་གྲྭ་ཚང་གི་འགན་དབང་མུ་མཐུད་བཞེས་མི་དགོས་པའི་བཀའ་བསྒྱུར་སྩལ་ནས་བཟུང་སྨན་རྩིས་ཁང་དང༌། ལྕགས་པོ་རི་སོ་སོས་འཆད་ཉན་བསྐྱངས་འགོ་ཚུགས་པར་བརྟེན། ལོ་འདི་ནས་བཟུང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཕྱག་སྲོལ་བཞིན་སྨན་རྩིས་ཁང་གིས་བྲག་ཡེར་བ་སོགས་ལ་སྨན་འཐོགས་འགྲོ་རྒྱུའི་ལམ་སྲོལ་ཐོག་མར་བཟོས་སོ། །


རིགས་མཐུན་ནང་དོན།
  • ལྷ་ལྡན་སྨན་རྩིས་ཁང་གི་བྱུང་རབས་མདོར་བསྡུས།༢
  • ལྷ་ལྡན་སྨན་རྩིས་ཁང་གི་བྱུང་རབས་མདོར་བསྡུས།༡
  • བོད་ཀྱི་རྩིས་རིག་པའི་བྱུང་ཚུལ་དང་འཕེལ་རིམ་མདོར་བསྡུས།
  • གསོ་བ་རིག་པའི་བྱུང་འཕེལ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019