༄༅།།མེ་བཙའ་གདབ་རུང་བའི་ནད།
དུས་ཚོད། 2012-11-02 9:55:13 ཀློག་གྲངས་ཐེངས།1822
 མེ་བཙའ་གདབ་རུང་པ་ནི་རྩ་བར། མེ་བཙའ་གདབ་ཏུ་རུང་བའི་ནད་གཞི་ནི།། མ་ཞུ་མེ་ཉམས་སྐྱ་རྦབ་དམུ་ཆུ་སྐྲན།། གྲང་མཁྲིས་མགོ་དང་ཡན་ལག་ཆུ་སེར་དང་།། འབྲས་དང་ལྷོག་པ་སྟོངས་བའི་ཚ་བ་དང་།། སྨྱོ་བྱེད་རྗེད་བྱེད་རྩ་ནད་ཐམས་ཅད་དང་།། ཚ་རྗེས་ཕལ་ཆེར་མེ་ཡིས་བཅད་པ་སྟེ།། མདོར་ན་བད་རླུང་ལས་གྱུར་གྲང་བ་ཀུན།། རྩ་ནད་ཆུ་སེར་མེ་ཡིས་བསྲེག་པ་བསྔགས།། ཞེས་པ་སྟེ། མེ་བཙའ་གདབ་ཏུ་རུང་བའི་ནད་གཞི་ནི་མ་ཞུ་བ་དང་། ཕོ་བའི་མེ་དྲོད་ཉམས་པ། སྐྱ་རྦབ། དམུ་ཆུ་གྲང་བ་ཅན། གྲང་རླུང་ཤས་ཆེ་བའི་སྐྲན་གྱི་རིགས། གྲང་མཁྲིས། མགོ་དང་ཡན་ལག་གི་ཆུ་སེར། ཤ་འབྲས་དང་རུས་འབྲས་སོགས་འབྲས་ནད་རིགས། ལྷོག་པ། སྟོངས་པའི་ཚ་བ། སྨྱོ་བྱེད། བརྗེད་བྱེད། རྩའི་ནད་ཐམས་ཅད། ཚ་བའི་ནད་རྗེས་ཕལ་ཆེ་བཅས་ནི་མེ་བཙས་བཅོས་པ་སྟེ། མདོར་ན་བད་ཀན་དང་རླུང་ལས་གྱུར་པའི་གྲང་བའི་ནད་རིགས་ཀུན་དང་། ཁྱད་པར་དུ་རྩ་དཀར་ནག་གི་ནད་དང་། ཆུ་སེར་གྱི་ནད་ཐམས་ཅད་མེ་ཡིས་བསྲེག་པའི་ཐབས་འདི་བསྔགས་པ་ཡིན་ཞེས་སོ།། 
   མེ་བཙའ་གདབ་མི་རུང་བའི་ནད་གཞི་དང་གནས། 

        མེ་བཙའ་གདབ་མི་རུང་བ་ནི་རྩ་བར། མི་རུང་མཁྲིས་ཚད་ཁྲག་ནད་ཐམས་ཅད་དང་།། དབང་པོའི་སྒོ་དང་ཕོ་མོའི་སྲིད་རྩར་སྤང་།། ཞེས་པ་སྟེ། ནད་གཞིའི་ངོས་ནས་མེ་བཙའ་གདབ་མི་རུང་བ་ནི། མཁྲིས་པ་ཚ་བའི་ནད་དང་ཁྲག་གི་ནད་ཐམས་ཅད་བསྲེག་མི་རུང་བ་དང་། གནས་ཀྱི་སྒོ་ནས་མི་རུང་བ་ནི་དབང་པོ་རྣམས་ཀྱི་སྒོ་དང་།   ཕོ་མོའི་སྲིད་རྩ། vམཚན་དབྲག་སྲུབས་ཀྱི་རྩ་སྐྱེས་པར་གཡོན་དང་། བུད་མེད་ལ་གཡས་སུ་ཡོད་པw མདོ་རུས་སྟེང་གི་རྨོངས་གསེབ་ཀྱི་འཕར་རྩ་བཅས་ཀྱི་གནས་སུ་བསྲེག་མི་རུང་ལ། དུས་ཀྱི་མི་རུང་བ་ནི། ཕོ་བ་སོགས་སྣོད་དྲུག་པོ་ལ་ཟས་ཟོས་ཤིང་འགྲངས་བའི་སྐབས་སུ་མེ་བཙའ་གདབ་དུ་མི་རུང་བ་དང་། གཞན་ཡང་རྩིས་ཀྱི་གཙུག་ལག་ལྟར་གཟའ་སྐར་སྤར་སྨེ་སོགས་དང་། དེ་བཞིན་བླ་གནས་དང་། རིགས་ལྡན་གྱི་དུས་བཅས་སུ་བསྲེག་མི་རུང་བ་བཅས་ཡིན་ཞེས་སོ།། 

           མེ་བཙའ་གདབ་དམིགས།  མེ་བཙའ་གདབ་དམིགས་ནི་རྩ་བར། མེ་དམིགས་ནད་ཀྱིས་བསྟན་དང་སྨན་པས་བཙལ།། ཞེས་པ་སྟེ། མེ་བཙའི་གདབ་དམིགས་དེར་ནད་ཀྱིས་ཚུར་བསྟན་པའི་མེ་དམིགས་དང་། སྨན་པས་ཕར་བཙལ་བའི་མེ་དམིགས་གཉིས་ཀྱི་སྒོ་ནས་བསྟན་པ་ཡིན་ནོ།། 


རིགས་མཐུན་ནང་དོན།
  • ༄༅།།གསོ་བ་རིག་པའི་དཔྱད་བཅོས་ངོ་སྤྲོད་མདོར་བསྡུས།
  • ༄༅།། ཁབ་དང་མདེའུ་ཁོང་དུ་ཤོར་བ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019