༄༅།།དཔྱད་ལྔ་དུགས།
དུས་ཚོད། 2012-11-02 10:17:23 ཀློག་གྲངས་ཐེངས།1753

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དཔྱད་ལྔ་དུགས་ལ་རུང་དང་མི་རུང་དང༌། །བྱ་བའི་ཐབས་དང་ཕན་ཡོན་རྣམ་པ་བཞི། །དང་པོ་བད་རླུང་མ་ཞུ་གླང་ཐབས་དང༌། །ཆུ་སེར་ཁྲག་འཁྱགས་ཚད་པའི་གཟེར་ལ་བརྟེན། །མི་རུང་སྐྱ་རྦབ་ཀྵ་ཡ་ནག་པོ་དང༌། །བལ་ནད་མཛེ་དུག་དམུ་ཆུ་ནག་པོ་དང༌། །ཚོ་ཆེས་འབྲུམ་ཐོར་ཟོས་རྗེས་སྤང་བར་བྱ། །བྱ་བའི་ཐབས་ལ་བསིལ་དུགས་དྲོད་དུགས་གཉིས། །བསིལ་དུགས་འགྲམས་འཁྲུགས་ཚ་བས་གཟེར་བ་ལ། །སྐར་ཆུས་བརྡེག་གམ་གྲོད་པར་བླུགས་པས་བདུག །རིམས་འཁྲུགས་ཚ་བ་བྱེར་རྙིངས་སྐར་ཆུས་བྲན། །མིག་ལ་མཚོན་ཕོག་བཙན་སྐྲངས་ཆུ་གྲོད་བདུག །ཤ་དུག་གྲེ་བ་འགགས་ཤིང་ཚ་བ་ལ། །བོང་ང་དཀར་པོ་གངས་ཆུ་གྲོད་བཀང་བདུག །རྒྱུ་གཟེར་བོང་ང་ཞུ་མཁན་ཆུ་སྦྱར་བདུག །ཁྲག་མཁྲིས་ཚ་གླང་ཆུ་རྡོ་གྲང་མོས་བདུག །ཚད་གཟེར་ཆུ་རྡོ་བྱང་མའི་ལྕགས་ཀྱིས་བདུག །ཡང་ན་ཚན་དང་ཞོ་སྦྱར་གྲང་མོས་བདུག །སྣ་ཁྲག་སྐར་ཆུ་འདག་པ་ནག་པོས་བདུག །སོ་ཡི་ཁྲག་ཚད་རླུང་སྐྲངས་འདག་པས་བདུག །དྲེག་ནད་ཚ་འབྲབ་སླེ་ཏྲེས་བ་ལྕིས་བདུག །དྲོད་དུག་མ་ཞུ་གླང་ཐབས་ཚ་བསྲོས་བདུག། མཚོན་ཁྲག་འཁྱགས་ལ་ཆུ་རྡོ་བསྲོས་པས་བདུག །མཆིན་ཁྲག་འཁྱགས་ལ་གྲོག་ཞིང་ཡོས་ཀྱིས་བདུག །མཁལ་མ་གྲང་གཟེར་ཆུ་སྲི་སྦང་སྐམ་བདུག །བུ་བཙས་རྒྱུ་ཞབས་མཚང་ར་མཁལ་རྐེད་གཟེར། །བྱི་ས་ཤར་བལྟས་ཆང་བྲན་བསྲོས་པས་བདུག །སྨུག་པོ་འཐབ་པའི་གླང་ཐབས་ཧ་བོ་དང༌། །ཆུ་ལོ་ཞུ་མཁན་ཆུར་སྦངས་བཙོས་པས་བདུག །དུག་དང་ཁྲག་རྒན་ཕོ་བར་ལྷུང་བ་འཇོམས། །མ་ཞུ་གྲང་སྐྲན་ཕུག་རོན་བྲུན་བསྲོས་བདུག །གྲང་ནད་ལངས་ལ་སོ་ཕག་རྫ་བསྲོས་བདུག །སྲིན་གླང་སྤྲུ་མའི་རྩ་ལོ་བསྲོས་པས་བདུག །གཞང་སྲིན་ཕུར་མོ་རྟ་སྦངས་བསྲོས་པས་བདུག །གྲང་བས་གཞང་ལུག་སྣུམ་ཀོང་བསྲོས་པས་བདུག །རླུང་གཟེར་ཕྱིང་པ་སྣུམ་ལྡན་ཆུ་རྡོས་བདུག །མཁལ་རྐེད་གྲང་ལ་གཡི་སྤྱང་སྤུ་དུགས་བསྟེན། །ཕོ་བ་རྒྱུ་ལོང་གྲང་ལ་ལག་མཐིལ་བདུག །ཚིགས་སུལ་ཆུ་སེར་ཤག་མ་ཆང་བྲན་བདུག །ཡང་ན་སྦང་སྐམ་གྲོག་ཞིང་བསྲོས་པས་བདུག །གྲང་བས་ཆུ་འགགས་འབའ་ཆ་བྱ་བྲས་བདུག །སྟོངས་ཚད་རླུང་གཟེར་འཁར་གོང་སྲིན་ཅན་དང༌། །རུས་རྙིང་ཆང་གིས་བྲན་ལ་བསྲོས་པས་བདུག །ཡན་ལག་ཆུ་སེར་ལུག་རིལ་ཆང་བྲན་བདུག །ནད་ཟུག་འཕྲལ་གཅོག་དཔྱད་མཆོག་དུགས་སུ་བཤད། །ཅེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔྱད་ལྔ་དུགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།


རིགས་མཐུན་ནང་དོན།
  • ༄༅།།མེ་བཙའ་གདབ་རུང་བའི་ནད།
  • ༄༅།།གསོ་བ་རིག་པའི་དཔྱད་བཅོས་ངོ་སྤྲོད་མདོར་བསྡུས།
  • ༄༅།། ཁབ་དང་མདེའུ་ཁོང་དུ་ཤོར་བ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019